དབྱངས་ཀྱི་མདུད་པ་རང་གྲོལ།

ཞུམ་མེད་ར་མདའ།        2023-11-15

ཀ་ཁའི་དབྱངས་ཀྱི་སློབ་གླིང་སྐྱེད་ཚལ་དུ། །

མཛེས་སྡུག་དབྱངས་ཀྱི་རྣམ་བཀྲའི་མེ་ཏོག་མང་། །

བུང་བའི་དབྱངས་ཀྱིས་རམ་འདེགས་རྣམ་པའི་འོག །

ཐུན་མིན་དབྱངས་ཀྱིས་སྙན་གདངས་ལྷག་པར་སྤྲོ། །

དབྱངས་འདི་ཤེས་རིག་གས་གཏོར་བྱེད་པའི་དབྱངས། །

དབྱངས་འདི་དུས་རབས་རྗེས་སུ་སྙེགས་པའི་དབྱངས། །

དབྱངས་འདི་ཤེས་རིག་སྦྲང་རྩི་འཐུ་བའི་དབྱངས། །

དབྱངས་འདི་སློབ་གླིང་དགའ་ཚལ་དགྱེས་པའི་དབྱངས། །

དབྱངས་འདི་མ་བུའི་བརྩེ་བས་ཕྱུག་པའི་དབྱངས། །

དབྱངས་འདི་ཕ་བུའི་དམ་ཚིག་མཐུན་པའི་དབྱངས། །

དབྱངས་འདི་བུ་ཕྲུག་ཕ་མ་དྲན་པའི་དབྱངས། །

དབྱངས་འདི་ཕ་མའི་ཐུགས་རྒྱུད་དགྱེས་པའི་དབྱངས། །

དབྱངས་འདི་སློབ་མར་བཀའ་སློབ་གནང་བའི་དབྱངས། །

དབྱངས་འདི་རྨོངས་པའི་སྒོ་མོ་འབྱེད་པའི་དབྱངས། །

དབྱངས་འདི་ཐོས་པའི་སྒྲོན་མའི་འབར་བའི་དབྱངས། །

དབྱངས་འདི་དྲིན་ཆེན་སློབ་དཔོན་དགྱེས་པའི་དབྱངས། །

དབྱངས་འདི་དར་སོར་དགའ་བའི་གཞོན་ནུའི་དབྱངས། །

དབྱངས་འདི་སྲོལ་བཟང་རྒྱུན་འཛིན་བྱེད་པའི་དབྱངས། །

དབྱངས་འདི་གསར་བཟང་ནང་འདྲེན་བྱེད་པའི་དབྱངས། །

དབྱངས་འདི་གཞོན་ནུའི་ལང་ཚོ་དགྱེས་པའི་དབྱངས། །

དབྱངས་འདི་བརྩོན་འགྲུས་དང་དུ་ལེན་པའི་དབྱངས། །

དབྱངས་འདི་བརྩོན་པར་རྒྱུན་ཆད་མེད་པའི་དབྱངས། །

དབྱངས་འདི་དཔེ་ཀློག་དྲི་བསུང་འཐུལ་བའི་དབྱངས། །

དབྱངས་འདི་རིག་གཞུང་ཀློག་པོ་དགྱེས་པའི་དབྱངས། །

དབྱངས་འདི་དཀའ་སྤྱད་དང་དུ་ལེན་པའི་དབྱངས། །

དབྱངས་འདི་དཀའ་སྤྱད་འཁུར་དུ་བཟོད་པའི་དབྱངས། །

དབྱངས་འདི་ངལ་རྩོལ་ངལ་དུབ་སེལ་བའི་དབྱངས། །

དབྱངས་འདི་ངལ་རྩོལ་པ་རྣམས་དགྱེས་པའི་དབྱངས། །

དབྱངས་འདི་དཔྱིད་གསུམ་མྱུ་གུ་འབུས་པའི་དབྱངས། །

དབྱངས་འདི་དབྱར་གསུམ་ལྗང་པ་རྒྱས་པའི་དབྱངས། །

དབྱངས་འདི་སྟོན་གསུམ་འབྲས་བུས་སྨིན་པའི་དབྱངས། །

དབྱངས་འདི་སོ་ནམ་ཨ་ཁུ་དགྱེས་པའི་དབྱངས། །

དབྱངས་འདི་དབྱངས་ཀྱིས་མཛེས་སྡུག་བརྒྱན་པའི་དབྱངས། །

དབྱངས་འདི་དབྱངས་ཀྱིས་སྡེབ་སྦྱོར་སྤྲད་པའི་དབྱངས། །

དབྱངས་འདི་དབྱངས་ཀྱིས་སྙན་ཆ་ལྡན་པའི་དབྱངས། །

དབྱངས་འདི་དབྱངས་ཀྱིས་གདངས་དབྱངས་དགྱེས་པའི་དབྱངས། །



  • ལེ་ཚན་སྔོན་མ།:མཛའ་མོར་བསྔགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།