སྦྲ་འཚོ། 2023-11-13
༡
ནགས་ཚལ་མེ་ལ་ཤོར་བ་ནས་
ངས་ཁྱོད་ཀྱི་རི་དྭགས་རྙི་ལས་ཤོར་སོང་།
ད་ལྟ་ང་སྨུག་པའི་ནང་གི་རི་དྭགས་བཞིན།
མིག་ཟུང་བཙུམས་ནས་སྡོད་ཀྱང་།
བསྟུད་མར་ཉིན་འདི་དག་ལ་དྲན་པའི་ཆུ་མིག་བརྡོལ་བས།
སྐྱོ་གདུང་གི་རྦ་རླབས་མཁའ་ལ་སྤུར་བྱུང་།
༢
སྡུག་ཅིང་མནར་བའི་ནམ་མཁའ་འདིའི་འོག་ཏུ་
ཁོ་ཧྥེ་སྐོལ་ཏེ་ཁུ་སིམ་མེར་སྡོད་ཀྱང་།
ཐ་སྙད་ཅིག་བྱེ་མར་འཐབ་པའི་གཏམ་རྒྱུད་དེས།
ལས་བསྐོས་ཀྱི་སྣུམ་ཚོན་རི་མོ་ཞིག།
ད་ལྟ་བའི་གདོང་དུ་གྲིལ་བྱུང་།
དུས་ཚོད་ཇེ་མང་ཡིན་པའི་སྨྲེང་གླུ་དེ་སྙིང་ལ་སིམ་རྗེས།
དགུ་ཚིགས་ཀྱི་གཙང་པོ་རབ་ཁ་ནས་ཤོར་ཏེ།
རི་བོ་ཞིག་བརྟོལ་སོང་།
ནམ་མཁའ་ཞིག་བརྟོལ་སོང་།
སྐུད་སྣེ་སྐྱ་བོ་དེ་ད་ལྟའང་ད་དུང་ཡོད་འདུག།
༣
སྨྲེང་སེམས་ཀྱིས་གཏེགས་པའི་ལས་འཕྲོ་
སེམས་ལ་སྨིན་པས།
ནང་སེམས་ཁོ་ན་ཇེ་འཁྱག་ཏུ་སོང་བས།
རྒྱང་རིང་ལ་ཤོར་བའི་ཡིད་ཀྱི་ཐ་སྙད་ཁྲོད་དུ།
ཁྲུང་ཁྲུང་རྨས་མ་ཞིག་ནམ་མཁར་འཕུར་མ་ཐུབ་པར་ལུས།
སྐྱོ་གདུང་རིགས་ཤིག་ཡང་ཡང་འཁྱུག་པས།
ཐ་སྙད་དག་མེ་རུ་འབར་ཡང་།
ལག་མཐིལ་དུ་གསལ་བའི་མི་སྡུག་པའི་སྣང་
བརྙན་ཞིག་ལས།
མགོ་ཐོག་གི་ཁུར་བོ། ཇེ་ཡང་ལ་མ་སོང་ཞིང་།
སེམས་ཀྱི་འཕག་འཚག། ཇེ་དལ་དུའང་མ་སོང་།
༤
ང་རང་ལ་ཚ་འཁྲུལ་ཐེབས་པ་མིན་ན་ཡང་།
ངའི་རྣ་བར་གླུ་སྐད་ཡོད་ཚད་རལ་བོ་རེད།
ངའི་མིག་ཁར་གཟུགས་བརྙན་ཡོད་ཚད་སྐྱ་བོ་རེད།
ངའི་རྣ་བ་འོན་པ་གྱུར་ན་ཡང་།
ངའི་མིག་ཟུང་ལོང་བར་གྱུར་ན་ཡང་།
ཁྱོད་ཁོ་ན་ངའི་དོན་ལྔ་སྣོད་དྲུག་ལས་བརྒལ་མ་ཐུབ།
ལྕེ་ཐོག་ཏུ་ལེན་མི་ཤེས་པའི་ཤུགས་བསྟན་ཟབ་མོ་དེ་དག།
རྒྱུ་འབྲས་དང་མནའ་ཚིག་ལ་ཞེད་དེ།
ཉམས་ཞན་པའི་གཅོང་རོང་དང་གཡང་ས་རུ།
ཁེར་རྐྱང་གི་ཟབ་ཚད་ལ་ཆིག་ལབ་བྱེད།
༥
སེམས་ཀྱིས་མི་ལྕོགས་པའི་ཐ་སྙད་ལྗིད་པོ་འདི།
ངའི་ད་ལྟ་བའི་ཁུར་བོ་ཡིན།
ནམ་རྒྱུན་སྨྲ་བ་མེད་པའི་ཡུལ་ལུང་སྟོང་བ་རུ།
དབུལ་ཕོངས་ཀྱི་མིག་ཀོང་དུ་སྐྱོ་གདུང་གི་མུན་པ་མཆེད།
ཐང་ཆད་པའི་ཤུལ་དུ་མངོན་ཡོང་བ་ནི་གྱང་
ཤུལ་སྐྱ་བོ་ཞིག།
ང་རང་རྟག་པར་གྱང་ཤུལ་དེར་བསྡད་དེ།
ངག་མི་འཁྲོལ་བ་དག། མིག་ཀོང་དུ་བླུགས་ཏེ།
ང་ཟེར་བའི་བདག་མེད་དེ་ལ་སེན་འབྲད་ཡང་ཡང་བྱས།
ངས་མེ་ཏོག་ཅིག་བཏབ་སྟེ་འགྲེ་ལྡོག་བྱེད་ན་མི་འདོད།
སྡུག་བསྔལ་མེད་ཁུལ་གྱི་ཆོ་ག་ནི་དེ་ལས་ཀྱང་
སྤེལ་མི་སྲིད་དོ།།
༦
སེམས་འདི་ནམ་མཁའ་ལས་རྒྱ་ཆེན།
བརྩེ་དུང་གི་བདེན་པ་སེམས་ཀྱིས་བསྐྲུན་ཡོད།
སེམས་འདི་རྒྱ་མཚོ་ལས་གཏིང་ཟབ།
བདེ་སྐྱིད་ཀྱི་དྲི་མ་སེམས་ཀྱིས་བཞེངས་ཡོད།
སེམས་འདི་ཤིན་ཏུ་ཆུང་ཆུང་ཞིག།
བརྩེ་དུང་གི་ཕམ་ཁ་ཞིག་ཀྱང་མི་ཤོང་བར་འདུག།
སེམས་འདི་དེ་ལས་ཀྱང་ཆུང་ཆུང་ཞིག།
མིག་ཆུ་རྡོག་པོ་གཅིག་ཀྱང་མི་ཤོང་བར་འདུག།
༧
མིག་ཆུ་ཇེ་འཁྱག་ཡིན་པའི་དུས་ཚོད་འདིའི་བར་དོ་རུ།
གཤིན་པོ་ག་ཚོད་ཀྱི་རྣམ་ཤེས་སྐུང་ཡོད།
སྒྲ་དང་གཟུགས་ལས་འདས་པའི་
དྲི་དང་རེག་བྱ་ལས་འདས་པའི་
དམྱལ་ཁམས་དང་འབྲེལ་ཞིང་ལྷ་ཡུལ་བོར་
བའི་ཡིག་འབྲུ་རློན་པ་དེ་དག།
ཡུལ་ལུང་གང་ཞིག་དང་འབྲེལ་བ་ཡོད་དམ།
གལ་ཏེ། སྨུག་པ་ལྟ་བུའི་གདུང་སེམས་
ལྗིད་པོ་འདི་དག།
བརྩེ་དུང་གི་མནར་གཅོད་རིགས་ཤིག་ཡིན་ཚེ།
ངས་ལག་པ་བསྙབ་ཏེ།
མུན་པའི་གྲིབ་མ་ཡིན་ཡང་རུམ་དུ་བཅུག་དགོས།
༨
མིག་བཙུམ་ན་དངན་པ་ཇེ་མང་ལ་འགྲོ་ཞིང
མུན་རུབ་ན་སྣང་བརྙན་ཇེ་གསལ་དུ་ཕྱིན་པའི
གདོས་བཅས་ཀྱི་ཕུང་པོའི་ནང་རོལ་དུ
སྡུག་བསྔལ་དང་དྲན་གདུང་ཀུ་ཅོ་བཞིན་
མཚམས་མེད་པར་གྲག
སྐྱ་ཟད་སྔོ་སྡུག་གི་དུས་ཚིགས་ནང་དུ
འུ་ཐུག་ཉམས་ཞན་གྱི་ཚིག་གྲུབ་ནང་དུ
དབང་པོ་ཤེས་པའི་ཡུལ་ལས་འདས་པའི་རྨ་ཁ་ག་
ཚོད་སྐུང་ཡོད
ཀུན་གཞི་རྣམ་ཤེས་ལས་འདས་པའི་བག་ཆགས་
ག་ཚོད་སྐུང་ཡོད
ཨུ་ཚུགས་ཀྱི་མཐའ་ལ་ཨུ་ཚུགས་མཐུད་ཡོད
མཚན་མོའི་མཐའ་ལ་མཚན་མོ་མཐུད་ཡོད
ཡུལ་དང་ཡིད་ཀྱི་བར་དུ
ན་བུན་ལྗིད་པོ་རིགས་ཤིག་འཆི་བདག་བཞིན་
བདག་གི་ཁ་གཏད་དུ་སྨིན
༩
དྲན་པ་ལུས་པའི་ནམ་མཁའ་འདིའི་འོག་ཏུ
རྨི་ལམ་ཡོད་ཆོག་ལ
རྟོག་བཏགས་ཀྱང་ཡོད་ཆོག
འོན་ཀྱང་སྐྱོ་གདུང་རིགས་ཤིག་གི་བདེན་ལུགས་དེ
རྨི་ལམ་ཁྲོད་ནས་རྙེད་མི་འགྱུར
རྟོག་བཏགས་ཁྲོད་ནས་རྙེད་མི་འགྱུར
ཆུ་དང་འོ་མ་འདྲེས་འདྲེས
ཁྱོད་དང་ང་གཉིས་འདྲེས་འདྲེས
༡༠
ནམ་ཞིག་ལ།
ང་རང་ར་བཟི་བའི་མི་བུ་ཁེར་རྐྱང་ཞིག་ཏུ་འགྱུར་རྗེས
ཁྱེད་ཀྱིས་ངའི་མིག་ཀོང་གི་མཆི་མ་བརྗེད་པར་གྱིས་ཤིག
ངའི་སེམས་གཏིང་གི་བརྩེ་བ་བརྗེད་པར་གྱིས་ཤིག
ད་དུང་ཐ་སྙད་དང་ཡི་གེས་མཚོན་མི་ཐུབ་པའི
ཞོ་ལྟར་ཆགས་པའི་ངའི་སེམས་པ་བརྗེད་པར་གྱིས་ཤིག
གཏིང་རིང་བའི་རྨ་ཁའི་ནང་དུ
གཏིང་རིང་བའི་མཚོན་དོན་གྱི་རི་མོ་བརྐོས་ཡོད།
རྩོམ་གསར། 10