རེ་བས་ཕྱུག་པའི་འཚོ་བ།

ཀུན་དགས་བསྒྱུར།        2023-11-13

“9·5”ལྕགས་ཟམ་རྫོང་གི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་ཀའི་སྐོར་ལ་བཅར་འདྲི་བྱས་པ།

རེ་བས་ཕྱུག་པའི་འཚོ་བ།
ལས་བཟོ་ཚོས་བཀོད་སྒྲིག་བྱ་ཡུལ་དུ་ལས་ཀ་བྱེད་བཞིན་པ།

སྤྱི་ཟླ11པའི་ཚེས5ཉིན། གསར་འགོད་པ་ལྕགས་ཟམ་རྫོང་ཏེ་ཝེ་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི“9·5”ས་འགུལ་རྗེས་ཀྱི་བསྐྱར་སྐྲུན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སྐྱོད་སྐབས། ཆུ་བོ་རྒྱལ་མོ་རྔུལ་ཆུའི་འགྲམ་ངོགས་ན་ལུགས་མཐུན་ཁྱད་ཆོས་ལྡན་པའི་སྤུས་ལེགས་སྡོད་ཁང་མང་པོ་བསྐྲུན་པ་དང་། སྡོད་ཁང་དེ་དག་གི་བར་ན་ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་བུ་བཏིང་། ལས་མི་བཅུ་གྲངས་ལྷག་གིས་བཀོད་སྒྲིག་བྱ་ཡུལ་དུ་བྲེལ་འཚུབ་ངང་ལས་ཀ་ལས་བཞིན་པ་དང་། ལ་ལས་ལྗང་བསྒྱུར་ལྗོན་ཤིང་འཛུགས་པ།ཡང་འགའ་ཞིག་གིས་སྙིགས་རོ་དབོར་འདྲེན་བྱེད་པ་སོགས་བྲེལ་འཚུབ་རྣམ་པས་ཡོངས་སུ་ཁེངས།ཡང་ལྡེ་མིག་ལག་ཏུ་བླངས་ཟིན་པའི་ཡུལ་མི་ཁག་གཅིག་གིས་ཁང་པའི་ནང་མཛེས་བཟོ་བྱེད་བཞིན་པའི་རྣམ་པ་མཐོང་།

ཁུའེ་ཝུའུ་གྲོང་སྡེའི་ཡུལ་མི་ལི་ཏེ་ཧྭ་ཡིས་བཟོ་པ་ཚོར་གཞོགས་འདེགས་བྱས་ནས་ཚོམས་ཆེན་དུ་རྡོ་ཞོ་ཐིག་འབྲི་བྱེད་བཞིན་ཡོད། གསར་འགོད་པ་བཅར་འདྲིར་ཡོང་བ་ཤེས་རྗེས་མོས་སེམས་འགུལ་ཚད་མེད་ཐེབས་ནས་གསར་འགོད་པ་རང་ཁྱིམ་དུ་ལྟ་སྐོར་ལ་འཁྲིད།

མོས་གསར་འགོད་པར“ངའི་ཁྱིམ་དུ་མི6ཡོད། སྨི་ངོས་གྲུ175ལ་ཟིན་པའི་ཁང་པ་ཆེན་པོ་ཞིག་བགོས་བྱུང་།སོ་ཕག་དཀར་རྩི་མའི་ཚོས་གཞི་ཆེད་དུ་བཟོས་པ་དང་། ཁང་པ་མཛེས་བཟོ་བྱེད་སྐབས་ལས་རིགས་མི་འདྲ་བར་གཞིགས་ནས་འགན་གཙང་ཁག་བགོས་ཀྱི་བྱེད་ཐབས་སྤྱད་དེ་མ་གནས་གྲོན་ཆུང་ཐུབ་པར་མ་ཟད།མྱུར་ཚད་ཀྱང་མགྱོགས་སུ་བཏང་ཡོད།ན་ནིང “9·5”ཡི་ལྕགས་ཟམ་ས་འགུལ་ཁྲོད་ངའི་ཁང་པ་རྡིབ་སོང་།ཡིན་ཡང་།ལོ་གཅིག་རིང་ཏང་དང་སྲིད་གཞུང་གིས་གནོད་ཐེབས་ཡུལ་མིའི་ལྟོ་ཆས་དང་སྡོད་གནས་ཀྱི་གནད་དོན་ཐག་གཅོད་བྱས་པར་མ་ཟད།ཕྱིར་གླ་པར་བསྐྱོད་པའི་ལམ་བུ་འཚོལ་རོགས་བྱས་ནས་ཡོང་འབབ་ཀྱང་འཕར་སོང་། ལྷག་པར་དུ་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ལ་ལོ་གཅིག་གི་རིང་ལ་གཅིག་གྱུར་འཆར་འགོད་བྱས་པའི་ཁང་པ་བཀོད་སྒྲིག་བྱས་ནས་བེད་སྤྱོད་གཏོང་རྒྱུར་སྤྲད་བྱུང་ཞེས་བཤད།

རེ་བས་ཕྱུག་པའི་འཚོ་བ།
ཏེ་ཝུའེ་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི་འགུལ་རྗེས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ།

མོས་མུ་མཐུད་ནས་སྡོད་ཁང་གསར་པའི་འགུལ་འགོག་ཚད་ཏུའུ9ཡིན་ལ་སྡོད་ཁང་གི་སྤུས་ཚད་ལ་འགན་ལེན་ཡོད། དེ་མིན་བཀོད་སྒྲིག་ཁུལ་དུ་རྩྭ་རྩི་ཤིང་དང་མེ་ཏོག་རྨོས་ནས་ལྗང་བསྒྱུར་བྱས་ཡོད། ཁང་པ་ཚང་མ་ཐོག་རྩེག་གསུམ་ཡིན་པ་དང་སྒོ་ར་ཆུང་ཆུང་ཞིག་ཀྱང་ཡོད་པས་སྤྲོ་ཁང་ལས་མཛེས། དུས་ཡུན་ཐུང་ངུའི་ནང་ས་འགུལ་རྗེས་ཀྱི་གྱང་དང་རྩིག་པ་ཞིག་རོའི་ཐོག་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་ཞིག་བསྐྲུན་པ་ནི་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་པས་ཏང་གི་བཀའ་དྲིན་མཚོ་ལས་ཟབ་ཅེས་སེམས་འགུལ་ཆེན་པོ་ཐེབས་པའི་ངང་དེ་ལྟར་བཤད།

ལི་ཏེ་ཧྭ་ད་ལོ་ལོ53ལ་སླེབས་ཡོད། མོ་ནི་གནོད་རྗེས་བསྐྱར་སྐྲུན་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སྡོད་ཁང་གསར་པའི་ལྡེ་མིག་ལག་ཏུ་འབྱོར་བའི་དུད་ཚང21པའི་ཡུལ་མི་ཁག་དང་པོའི་གྲས་ཤིག་ཡིན། ཁོ་ནི་སྐྲན་ནད་ཕོག་པའི་ནད་པ་ཞིག་ཀྱང་ཡིན་ལ།ནད་གཞི་ཤེས་རྗེས་སྨན་བཅོས་ཡག་པོ་བྱས་པས་དེང་སང་ནད་གཞི་ཡང་དུ་ཕྱིན་ཡོད། “ད་ཆར་ནད་ཕོག་རྗེས་སྨན་བཅོས་འགན་བཅོལ་ཡོད་པ་དང་ས་འགུལ་བྱུང་རྗེས་ཏང་དང་སྲིད་གཞུང་གིས་ང་ཚོར་དཀའ་གནད་སེལ་རོགས་བྱས་པ་དང་།ང་ཚོས་ཀྱང་སྒུག་རྟེན་མི་བྱེད་པ་དང་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་ཀྱི་ཡོད”ཅེས་བཤད།

ལི་ཏེ་ཧྭ་ཡིས་སྲིད་གཞུང་གིས་མི་སེར་གྱི་ཁུར་པོ་ཡང་དུ་གཏང་ཆེད་དུད་ཚང་རེར་ད་དུང་སྒོར་ཁྲི7གྱི་གནོད་རྗེས་བསྐྱར་སྐྲུན་གྱི་ཁ་གསབ་མ་དངུལ་དང་སྒོར་ཁྲི8ཀྱི་སྲིད་གཞུང་སྐྱེད་གསབ་དངུལ་བུན་སྲིད་ཇུས་ལོངས་སྤྱོད་བྱེད་ཀྱི་ཡོད། “གཅིག་གྱུར་འཆར་འགོད་ཀྱིས་སྡོད་ཁང་ཇུས་འགོད་དང་།རྒྱུ་ཆ་ཉོ་སྒྲུབ་སོགས་རྙོག་འཛིང་ཆེ་བའི་གཙོ་གནད་མེད་པ་བཟོས་པར་མ་ཟད།ད་དུང་སྤུས་ཚད་འགན་ལེན་ཡང་བྱས་ཡོད།སྔོན་མར་ཁང་པ་རྒྱག་སྐབས་འགུལ་འགོག་ནུས་པ་དང་ཁང་པའི་ཇུས་འགོད་སོགས་ལ་ཆ་རྒྱུས་གཏན་ནས་མེད།ད་ཆར་གྲགས་ཅན་ཨར་སྐྲུན་ཁེ་ལས་ཀྱིས་ཁང་པ་བསྐྲུན་པས་ང་ཚོའི་ངོས་ནས་བརྗོད་ན་གཏན་བདེ་ཐོབ་སོང་ཞེས་བཤད། ལི་ཏེ་ཧྭ་ཡིས་ད་དུང་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་གནོད་རྗེས་བསྐྱར་སྐྲུན་བྱས་པ་ལས་ང་ཚོར་ལས་ཞུགས་ཀྱི་གོ་སྐབས་རག་བྱུང་།ང་དང་བཟའ་ཟླ་གཉིས་ཉེ་འགྲམ་དུ་གླ་པར་སོང་ནས་འདི་ལོའི་ལས་གཉེར་ཡོང་འབབ་སྒོར་ཁྲི15ཙམ་རག་བྱུང་ཞེས་བཤད།

ལི་ཏེ་ཧྭ་ཡི་བུ་དང་མནའ་མ་ལྕགས་ཟམ་རྫོང་དང་ཉག་ཆུ་རྫོང་སོ་སོར་ལས་ཀ་བྱེད་ཀྱི་ཡོད།འདི་ལོའི་སྤྱི་ཟླ11པའི་ཚེས30ཉིན་བཀོད་སྒྲིག་བྱ་ཡུལ་གྱི་ཁྱིམ་གཞིས་གསར་པར་གཉེན་སྒྲིག་བྱ་རྒྱུ་ཡིན་པས་ང་ཚོའི་ཁྱིམ་གྱི་ངོས་ནས་བརྗོད་ན་ཁྱིམ་གསར་དུ་སྤོ་བ་དང་མནའ་མ་བསུ་བ་སོགས་དགའ་འོས་པའི་བྱ་བ་མང་པོ་དང་འཕྲད་བྱུང་། ངས་ཕ་ཚ་བུ་རྒྱུད་ཚོར་གུང་ཁྲན་ཏང་གི་བཀའ་དྲིན་བློ་ལ་བརྟན་པོ་ངེས་སུ་འཇུག་རྒྱུ་ཡིན། གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་ཡག་དང་ཇེ་རྒྱས་སུ་འགྲོ་སྲིད་ཅེས་ལི་ཏེ་ཧྭས་གདོང་ལ་འཛུམ་ཉམས་དང་བཅས་དེ་ལྟར་བཤད།

རེ་བས་ཕྱུག་པའི་འཚོ་བ།
ཡུལ་མིས་ཁང་པའི་ནང་མཛེས་བཟོ་བྱེད་བཞིན་པ།

ཡུལ་མི་ཝང་ཕུའུ་ཡུས་ཀྱི་ཁང་པ་ཡང་སྨི་ངོས་གྲུ175ལ་ཟིན་པའི་ཁང་པ་ཆེན་པོ་ཞིག་ཡིན་ཞིང་། ཁང་པའི་ནང་དུ་བྱེ་མ་དང་ཨར་འདམ་གྱིས་ཁེངས་འདུག། ལས་བཟོ་བ་ཚོས་དུས་ཚོད་དམ་འཛིན་བྱས་ནས་སྒྲིག་བཟོ་བྱེད་བཞིན་ཡོད། ཝང་ཕུའུ་ཡུས་ཀྱིས“ངས་ཟླ་བ་གཅིག་གི་དུས་ཚོད་སྤྱད་དེ་མཛེས་བཟོ་བྱས་ནས་དཔྱིད་གསར་དུས་ཆེན་གོང་ཁྱིམ་གསར་པར་སྤོ་རྩིས་ཡོད” ཅེས་དང་།མོས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ང་དང་ཁྱོ་ག་གཉིས་པོས་འདམ་བཟོའི་ལས་ཀ་བྱེད་ཀྱི་ཡོད།ད་ལོར་ང་ཚོས་བཀོད་སྒྲིག་བྱ་ཡུལ་གྱི་འཛུགས་སྐྲུན་ལས་ཡུལ་དུ་ལས་ཀ་བྱས་ནས་ཉིན་རེའི་གླ་ཆ་སྒོར320ཡོད་པ་དང་།ད་སྔར་ཡོང་འབབ་སྒོར་ཁྲི་བཅུ་དྲུག་ཙམ་རག་བྱུང་ཞེས་བཤད།

“9·5”ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཁུའེ་ཝུའུ་གྲོང་སྡེར་དུད་ཚང76གི་མི264གཅིག་སྡུད་ཐོག་བཀོད་སྒྲིག་བྱས་ཡོད། ལྕགས་ཟམ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣ་ཀྲུའུ་ཐིང་ཀྲེན་གྱིས“ལས་གྲྭ་དུས་བཀག་ལྟར་ལས་མཇུག་འགྲིལ་རྒྱུར་འགན་ལེན་བྱ་ཆེད།བཀོད་སྒྲིག་བྱ་ཡུལ་དུ་ཆེད་མི་བཀོད་སྒྲིག་བྱས་ནས་འཛུགས་སྐྲུན་གྱི་མྱུར་ཚད་ཚོད་འཛིན་བྱས་ཡོད” ཅེས་ངོ་སྤྲོད་བྱས་པ་དང་།ད་སྔར་བཀོད་སྒྲིག་བྱ་ཡུལ་གྱི་ཐོག་ཁང18ནང་གི་དུད་ཚང76གི་སྡོད་ཁང་དང་།ཕྱི་ནང་མཛེས་བཟོ།ཆར་པ་དང་བཙོག་ཆུའི་མདོང་ལམ།གློག་མདོང་བཅས་ལེགས་གྲུབ་ཟིན་པ་དང་།སྡོད་ཁང་བར་གྱི་འགྲོ་ལམ་བརྒྱ་ཆ90དང་།མེ་ཟོན་བགྲོད་ལམ་བརྒྱ་ཆ60 ལྗང་བསྒྱུར་ལས་གྲྭ་བརྒྱ་ཆ70བཅས་ལེགས་གྲུབ་བྱུང་ཡོད། ཏེ་ཝུའེ་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་ནི་གཅིག་གྱུར་འཆར་འགོད་ཀྱི་གཅིག་གྱུར་འཛུགས་སྐྲུན་བཀོད་སྒྲིག་སྡོད་ཁང་ཡིན་ཞིང་།ཁྱོན་མ་དངུལ་སྒོར་ཁྲི6842བཏང་བ་དང་།འདི་ལོའི་སྤྱི་ཟླ3པར་ལས་འགོ་བཙུགས་ནས་སྤྱི་ཟླ10པར་སྡོད་ཁང་སྤྲོད་པའི་ཚད་གཞིར་སླེབས་ཡོད། བཀོད་སྒྲིག་བྱ་ཡུལ་དེའི་སྡོད་ཁང་དེ་མི1ནས2བར་གྱི་དུད་ཚང་ལ་སྨི་ངོས་གྲུ70དང་།མི3ནས4བར་གྱི་དུད་ཚང་ལ་སྨི་ངོས་གྲུ140 མི5དང་དེའི་ཡན་ལ་སྨི་ངོས་གྲུ175ཡི་སྡོད་ཁང་བཅས་རིགས་གསུམ་ཡོད།འཚུབ་བསྟུན་ཉེན་གཡོལ་ཐང་ཆེན་དང་།ཁུའེ་ཝུའུ་གྲོང་སྡེའི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས།འཕྲུལ་སྒུལ་འཁོར་རིགས་འཇོག་གནས53 རིག་གནས་བྱེད་སྒོའི་ཐང་ཆེན་སོགས་སྤྱི་པའི་ཞབས་ཞུའི་ལེ་ལག་ཚང་བའི་སྒྲིག་བཀོད་ཆ་ཚང་བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།“9·5”ཡི་ས་འགུལ་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཁྲོད།ལྕགས་ཟམ་རྫོང་གིས་གནོད་ཐེབས་ཁུལ་གྱི་འཛུགས་སྐྲུན་དེ་དུས་རབས་གསར་པའི་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོ་བའི་མིག་དཔེ་དང་།ལོ་གསུམ་གྱི་བསྐྱར་སྐྲུན་ལས་འགན་དེ་ལོ་གཉིས་ནས་ཧ་ལམ་ལེགས་གྲུབ་བྱུང་བའི་དམིགས་ཚད་ལས་འགན་ལ་གཞིགས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ད་སྔའི་བར་རྫོང་ཡོངས་ཀྱི་བསྐྱར་སྐྲུན་རྣམ་གྲངས100ཡི་རྣམ་གྲངས37ལེགས་གྲུབ་ཟིན་པ་དང་། རྣམ་གྲངས57ལས་འགོ་ཚུགས་པ།རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར20.3858བཏང་བ་དང་།ལོ་མཇུག་ཏུ་རྣམ་གྲངས54ལེགས་གྲུབ་ཟིན་ནས་མ་འཇོག་སྒོར་དུང་ཕྱུར32ལེགས་འགྲུབ་བྱ་རྒྱུ་ཡིན་པ་རེད།།




  • ལེ་ཚན་སྔོན་མ།:འདབ་པ་རྫོང“གནམ་རིག་དང་མིའི་རིག་མཉམ་འབྲེལ་ འགྲེམས་ཁང་”སྐྲུན་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།