ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་།

    མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།    2023-11-15

ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་།

      སྤྱི་ཟླ11པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་པེ་ཅིང་མོན་ཐོའུ་ཀོའུ་མེའོ་ཧྥུང་ཧྲན་མི་རིགས་སློབ་གྲྭར་གཞུང་དོན་དུ་སྐུ་གཤེགས་པའི་དཔའ་བོའི་ནང་མི་དང་འབྲུབ་འགོག་གནོད་སྐྱོབ་ནང་ཞུགས་མཁན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་མང་ཚོགས་དང་། མེ་ཟོན་དང་འཚུབ་བསྟུན་རོགས་སྐྱོབ་མི་སྣ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། དང་བླངས་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ་རེད།

ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ནན་གསུང་གནང་།

      སྤྱི་ཟླ11པའི་ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེར་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས10ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཧོ་པེ་པའོ་ཏིང་ཀྲུའོ་ཀྲོའུ་གྲོང་ཁྱེར་ཏེའོ་ཝོ་གྲོང་རྡལ་ཝན་ཆོན་ཀྲོང་གྲོང་ཚོའི་ཁང་པ་བསྐྱར་སྐྲུན་ཨར་ལས་བྱ་ཡུལ་དུ་རྟོག་ཞིབ་གནང་བཞིན་པའི་ཚུལ་རེད།

       ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་དང་ཧོ་པེའི་པའོ་ཏིང་ནས་སྤྱི་ཟླ11ཚེས10ཉིན་གློག་འཕྲིན་འབྱོར་གསལ། ཚེས10ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དང་ཧོ་པེ་རུ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཡང་འབད་བསྐྱར་འབད་ཀྱིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་བདེ་སྡོད་ལས་བརྩོན་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་། མ་ལག་གི་འདུ་ཤེས་མཐའ་འཁྱོངས། དངོས་ཐོག་བདེན་འཚོལ་དང་། ཚན་རིག་དང་མཐུན་པའི་འཆར་འགོད། ལུགས་མཐུན་བཀོད་སྒྲིག་བཅས་མཐའ་འཁྱོངས། ཆད་སྐྱོན་སེལ་བ་དང་ཞན་ཆ་ལེགས་གཏོང་ལ་དམ་འཛིན་བཅས་བྱས་ཏེ། ཆུ་ལོག་སྔོན་འགོག་ལས་གྲྭའི་མ་ལག་དང་འཚུབ་བསྟུན་དོ་དམ་མ་ལག་མགྱོགས་མྱུར་འཐུས་སྒོ་ཚང་དུ་བཏང་ནས་གནོད་འགོག་གནོད་སེལ་དང་གནོད་སྐྱོབ་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

     འདི་ལོའི་སྤྱི་ཟླ7པའི་ཟླ་མཇུག་དང་སྤྱི་ཟླ8པའི་ཟླ་འགོར། ཧྭ་པེ་དང་ཧོང་ཧོའེ་སོགས་སུ་དྲག་ཆར་བབས་ཏེ་ཆུ་ལོག་དང་། ཞོད་སྐྱོན། ས་གཤིས་བཅས་ཀྱི་གནོད་འཚེ་ཕོག་ནས་པེ་ཅིང་དང་ཧོ་པེ་སོགས་ས་ཁུལ་དུ་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད། ཞི་ཅིན་ཕིང་གིས་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་བ་དང་འབྲུབ་འགོག་གནོད་སེལ་དང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བར་མ་ཟད། འབྲེལ་ཡོད་ས་གནས་དང་སྡེ་ཚན་ལ་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ནས་གནོད་ཁུལ་གྱི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། སྤྱི་ཟླ9པའི་ཟླ་སྟོད་དུ། ཞི་ཅིན་ཕིང་གིས་ཧེ་ལུང་ཅང་ཧྲང་ཀྲེ་གྲོང་ཁྱེར་དུ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་གནང་བར་ཕེབས་པ་དང་། བྱང་ཕྱོགས་སུ་དགུན་ཁ་ཤར་བའི་དུས་སུ། ཞི་ཅིན་ཕིང་གིས་སླར་ཡང་པེ་ཅིང་དང་ཧོ་པེའི་གནོད་འཚེ་ཕོག་ཅུང་ཆེ་བའི་འབྲེལ་ཡོད་ས་ཁུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་མང་ཚོགས་ལ་སེམས་གསོ་འཚམས་འདྲི་དང་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་རེད།

     སྤྱི་ཟླ11པའི་ཚེས10ཉིན། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་པེ་ཅིང་གྲོང་ཨུའི་ཧྲུའུ་ཅི་དབྱི་ལི་དང་། ཧྲི་ཀྲང་དབྱིན་ཡུང་། ཧོ་པེ་ཞིང་ཨུའི་ཧྲུའུ་ཅི་ཉི་གཡོད་ཧྥུང་། ཧྲེང་ཀྲང་ཝང་ཀྲེང་ཕུའུ་བཅས་ཀྱི་ཕེབས་རོགས་འོག། སྔ་རྗེས་སུ་མོན་ཐོའུ་ཀོའུ་དང་པའོ་ཏིང་སོགས་སུ་ཕེབས་ནས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

     ཡུང་ཏིང་གཙང་པོའི་སན་ཅ་ཏེན་ཆུ་འདྲེན་ལྟེ་བ་ནི་ཡུང་ཏིང་གཙང་པོའི་ཀོན་ཐིང་ཧྲན་རི་བོའི་གྲོག་རོང་དུམ་བུའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་རེད། ཚེས10ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་དེ་གར་ཕེབས་ནས་པེ་ཅིང་གྲོང་ཁྱེར་གྱི་ཆུ་ལོག་དང་། ཡུང་ཏིང་གཙང་པོ་སླར་གསོ་དང་བཅོས་སྒྲིག། ཆུ་བཀག་གི་ཆུ་སྒོ་འཁོར་རྒྱུག་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པར་མ་ཟད། གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་འཕེལ་རིམ་མཁྱེན་རྟོགས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་མོན་ཐོའུ་ཀོའུ་དང་ཧྥང་ཧྲན་སོགས་རི་ཁུལ་གྱི་རི་བོ་མཐོ་ལ་གྲོག་རོང་ཟབ་པར་བརྟེན་དྲག་ཆར་བསྟུད་མར་བབས་ཚེ་ཆུ་ལོག་ཚབས་ཆེན་ཐོན་སླ་བས་པེ་ཅིང་གི་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་གཙོ་གནད་ས་ཁོངས་ཤིག་རེད། ཆུ་མཛོད་སོགས་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ལེགས་པར་སྐྲུན་དགོས་ལ་བེད་སྤྱོད་ཡག་པོ་བྱས་ནས། རི་ཁུལ་གྱི་བགྲོད་ལམ་དང་ཁང་པ་སོགས་སྐྲུན་དངོས་ཀྱི་ཆུ་ལོག་སྔོན་འགོག་གི་ཚད་གཞི་འཐུས་སྒོ་ཚང་དུ་བཏང་ནས་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་གསུངས་པ་རེད།

     དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་མེའོ་ཧྥུང་ཧྲན་མི་རིགས་སློབ་གྲྭར་ཕེབས་ཤིང་། འདི་ལོའི་འབྲུབ་ཆུ་རྒྱས་དུས་སུ་དེ་གར་གནས་སྐབས་ཉེན་གཡོལ་བྱེད་ས་དང་འབྲུབ་འགོག་གནོད་སེལ་མི་སྣ་བཅའ་སྡོད་བྱ་ཡུལ་དུ་གྱུར་ཡོད། ཞི་ཅིན་ཕིང་སློབ་ཁང་ཞིག་ཏུ་ཕེབས་སྐབས་ཕྲུ་གུ་ཚོ་དགེ་རྒན་གྱི་སྣེ་ཁྲིད་འོག་གཙོ་དོན་འཛིན་ཚོགས་འཚོག་བཞིན་ཡོད། ཚང་མས་སྤོ་བོ་ཞི་ཅིན་ཕིང་ལགས་ལ་འབྲུབ་འགོག་གནོད་སེལ་བརྗོད་དོན་གཙོ་བོར་བྱས་པའི་ལག་ཤེས་ཐོན་རྫས་སྤྱན་འབུལ་ཞུས་པ་དང་འབྲེལ་ཆུ་ལོག་གི་གནོད་འཚེ་འཕྲད་སྐབས་རང་ཉིད་ཀྱི་ཉམས་མྱོང་དང་མྱོང་ཚོར་སྙན་སེང་ཡང་ཞུས་པ་ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་གནོད་འཚེ་ཕོག་པའི་སློབ་མ་ཚང་མ་དུས་ཐོག་ཏུ་སློབ་འགོ་ཚུགས་ནས་སློབ་གྲྭར་ལོག་ཐུབ་པ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ཐད་བཏོན་པའི་བླང་བྱ་ཁ་གསལ་ཞིག་རེད། ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གནོད་ཁུལ་གྱི་སློབ་གྲྭ་ཚང་མ་དུས་ཐོག་ཏུ་སློབ་འགོ་ཚུགས་པ་དང་། ཕྲུ་གུ་ཚོའི་བདེ་སྐྱིད་ལྡན་པའི་འཛུམ་མདངས་མཐོང་སྐབས་ང་ཧ་ཅང་བློ་བདེ་པོ་བྱུང་། ཁྱེད་ཚོའི་སློབ་གྲྭ་ད་ཐེངས་ཀྱི་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་ཉེན་གཡོལ་བྱེད་སར་གྱུར་བར་མ་ཟད། “བདེ་འཇགས་གླིང་ཕྲན”གྱི་ནུས་པ་གང་ལེགས་བཏོན་ཡོད། གསོན་ཉམས་ལྡན་པའི་བསླབ་གཞི་འདི་བེད་སྤྱོད་ཡག་པོ་བྱས་ནས་བདེ་འཇགས་སློབ་གསོ་སྤེལ་ཏེ་ཕྲུ་གུ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་ཉེན་གཡོལ་གྱི་ནུས་པ་ཆེ་རུ་གཏོང་དགོས། ཕྲུ་གུ་ཚོས་ད་ཐེངས་ཀྱི་འབྲུབ་འགོག་གནོད་སེལ་ཚེ་གང་བརྗེད་མི་སྲིད། ཁོང་ཚོས་དྲིན་ཚོར་ཤེས་པ་དང་ཕུགས་བསམ་བརྟན་པོ་བཅངས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་བྱ་དགོས་ཞེས་གསུངས་པ་རེད།

      སློབ་གྲྭའི་ལུས་རྩལ་ཐང་དུ་ཞི་ཅིན་ཕིང་གིས་གཞུང་དོན་དུ་རང་སྲོག་ཤོར་བའི་སྔོན་གཤེགས་དཔའ་བོའི་ནང་མི་དང་འབྲུབ་འགོག་གནོད་སེལ་ནང་ཞུགས་མཁན་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་། མེ་ཟོན་དང་འཚུབ་བསྟུན་རོགས་སྐྱོབ་མི་སྣ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོ། དང་བླངས་པའི་འཐུས་མི་སོགས་ལ་བྱམས་བརྩེའི་འཚམས་འདྲི་གནང་ཞིང་། ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་འབྲུབ་འགོག་ཉེན་སེལ་གནོད་སེལ་གྱི་འཐབ་རྩོད་དེའི་ཁྲོད་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས་མདུན་དུ་ཤོར་ནས་འགན་འཁྲི་འཁུར་ཕོད་པར་བྱེད་པ་དང་། མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག། མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་བཀོད་འཐབ་པ་བཅས་ཀྱིས་དཔའ་ངར་ཆེན་པོས་ཉེན་ཁར་མ་འཛེམས་པར་མདུན་དུ་སྐྱོད་པ། གཞུང་ཁོངས་ཁེ་ལས་ཀྱི་ལས་བཟོས་འབྲུབ་ཆུ་ཐོན་མ་ཐག་ཛ་དྲག་རོགས་སྐྱོབ་བྱེད་པ། སྤྱི་ཚོགས་ལས་རིགས་ཁག་དང་དང་བླངས་པས་ཧུར་ཐག་ཞུགས་ནས་གཅེས་སེམས་འབུལ་བ་བཅས་བྱས་ཏེ་ཆུ་ལོག་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་དུ་བརྩེ་སེམས་ཀྱིས་ཁེངས་པར་བྱས་པ་དང་། ཕྱོགས་གཅིག་ལ་དཀའ་ངལ་ཡོད་ཚེ་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དང་ཀུན་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་ཀྱི་རྒྱལ་ཡོངས་མི་དམངས་ཀྱི་འབད་འཐབ་སྙིང་སྟོབས་མངོན་པར་བྱས་པ། མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་མཚོན་པར་བྱས་ཡོད། ཏང་ཡོན་ལས་བྱེད་པ་མང་པོ་ཞིག་ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་སྐབས་རང་སྲོག་ཤོར་བས་ང་ཚོས་ནམ་ཡང་ཁོང་ཚོར་རྗེས་དྲན་དང་། ཁོང་ཚོའི་དཔའ་ངར་ལྡན་པའི་མཛད་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡིན། འབྲེལ་ཡོད་ཕྱོགས་ཀྱིས་ཁོང་ཚོའི་ནང་མིར་སེམས་ཁུར་དང་ལྟ་རྟོག་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད།

      ཉིན་གུང་འཆར་ཉེར་ཡོད་པའི་མཚམས་སུ་ཞི་ཅིན་ཕིང་མེའོ་ཧྥུང་ཧྲན་གྲོང་རྡལ་ཧྲུའེ་ཡུས་ཙུའེ་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞི་ཅིན་ཕིང་གིས་གྲོང་ཚོ་དེའི་གནས་ཚུལ་ངོ་སྤྲོད་གསན་པ་དང་། དེ་རྗེས་ཞབས་ཐང་མར་གྲོང་ཚོའི་རྣམ་པར་གཟིགས་ཞིབ་གནང་བར་ཕེབས་ནས་རྨང་གཞིའི་སྒྲིག་བཀོད་སླར་གསོ་དང་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། ཞོད་སྐྱོན་ཆེན་པོ་བྱུང་རྗེས་ངེས་པར་དུ་འཛུགས་སྐྲུན་ཆེན་པོ་དང་བཅོས་སྒྲིག་ཆེན་པོ་བྱས་ནས་ཆུ་བེད་སྒྲིག་བཀོད་དང་འབྲུབ་འགོག་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཕུགས་ལ་དམིགས་པ་དང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ཏེ། སླར་གསོ་བསྐྱར་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཉེན་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་དམ་ཟབ་ཀྱིས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་ཐབས་སྤྱད་དེ། གེགས་འགོག་གནོད་སེལ་གྱི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏང་དགོས། ལྷག་དོན་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་གྱི་འཚུབ་བསྟུན་དོ་དམ་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་གནོད་འགོག་ཉེན་གཡོལ་དང་རང་སྐྱོབ་དང་ཕན་ཚུན་རོགས་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།

      འདི་ལོའི་འབྲུབ་ཆུ་རྒྱས་དུས་སུ་པའོ་ཏིང་ཀྲུའོ་ཀྲོའུ་གྲོང་ཁྱེར་ལ་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཕོག་པ་དང་མིག་སྔར་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གཞི་རྩའི་ཆ་ནས་སླར་གསོ་བྱུང་ཡོད། ཚེས10ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧྲོང་ཐ་ཁྲོམ་གཞུང་གི་ཡུང་ཅི་ཤིའུ་གླིང་ཁུལ་ཆུང་དུ་ཕེབས་ཤིང་། ཁོང་གིས་དང་ཐོག་ཁུལ་ཆུང་སྒོ་འགྲམ་གྱི་སྨན་རྫས་ཚོང་ཁང་དང་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་ཚོང་དུད་ལ་གཉེར་སྐྱོང་སླར་གསོ་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་དང་། དེ་རྗེས་ཁུལ་ཆུང་གི་ཚ་ནུས་ས་ཚིགས་སུ་ཕེབས་ནས་དྲོད་རླངས་མཁོ་འདོན་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། གནོད་འཚེ་ཆེན་པོ་དེས་ཡུལ་མི་དང་ཐོན་སྐྱེད་གཉེར་སྐྱོང་ཚན་པ་ཁག་གཅིག་ལ་གྱོང་གུན་མི་ཉུང་བ་ཞིག་བཟོས་ཡོད་པས། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཐབས་མང་མཉམ་སྤྱོད་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་དང་། ཁེ་ལས། ཚོང་དུད་བཅས་དཀའ་གནད་ལས་སྒྲོལ་རོགས་ཧུར་ཐག་བྱ་དགོས། གྲོང་ཁྱེར་སླར་གསོ་བསྐྱར་སྐྲུན་བྱེད་པར་གནོད་འགོག་གནོད་སེལ་གྱི་རིགས་པས་ཁུངས་སྐྱེལ་གྱི་འཆར་འགོད་ཡག་པོ་བྱེད་པ་དང་། གནོད་འཚེ་ལས་གཡོལ་རྒྱུར་བསམ་གཞིག་གང་ལེགས་བྱེད་པ། ཆུ་ལོག་གཤོང་ལམ་དང་། ཆུ་ལོག་འབུད་ཁུལ། ཆུ་ལོག་འཁྱིལ་ཁུལ་བཅས་བཟོ་བ། ཆུ་འབུད་མདོང་ལམ་སོགས་རྨང་གཞིའི་སྒྲིག་བཀོད་གསར་བརྗེ་བཅས་བྱས་ནས་གྲོང་ཁྱེར་གྱི་འཁོར་སྐྱོད་འགན་ལེན་ནུས་པ་ཆེ་རུ་གཏང་དགོས་ཞེས་གསུངས་པ་རེད།

      ཞི་ཅིན་ཕིང་གྲོང་མི་ཏུང་ཚའེ་དབྱིང་གི་ཁྱིམ་དུ་འཚམས་འདྲིར་ཕེབས་ཏེ་ཆུ་ལོག་གི་ཆུ་ཁ་དང་། འཚུབ་བསྟུན་སྡོད་གནས། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གསར་བརྗེས། དྲོད་རླངས་མཁོ་འདོན། འབྲེལ་ཡོད་ཁ་གསབ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཏུང་ཚའེ་དབྱིང་གིས་སྤྱི་ཁྱབ་ཧྲུའུ་ཅིར་ཏང་ཡོན་ལས་བྱེད་པའི་རོགས་རམ་འོག་ཁང་པ་ཉམས་བཟོ་ཚར་ནས་སྤོས་ཟིན་པས་དགུན་ཁ་དྲོ་སོབ་སོབ་ངང་སྐྱེལ་ཐུབ་ཅེས་ཞུས་པ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་གྱི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་བྱེད་པར་དང་ཐོག་ཁྱིམ་ཚང་ཚང་མའི་འཚོ་བ་དང་སྡེ་ཁུལ་གྱི་འཚོ་སྡོད་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་ཡིན། ཚང་བཤེར་ཆད་གསབ་བྱས་ཏེ་ལས་དོན་སྔར་བས་ཞིབ་ཚགས་དང་ཏན་ཏིག་སྒྲུབ་དགོས་པ་དང་གཞི་རིམ་རྩ་འཛུགས་དང་། ཏང་ཡོན་ལས་བྱེད་པ། ཁྲོམ་གཞུང་དང་གྲོང་པ་ཁྱིམ་མཚེས། ཕྱོགས་ཁག་གི་ཆེད་ལས་སྟོབས་ཤུགས། དང་བླངས་པ་བཅས་ཀྱིས་མཉམ་དུ་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

      ཏེའོ་ཝོ་གྲོང་རྡལ་དབན་ཆོན་ཀྲོང་གྲོང་ཚོ་ལན་ཀོའུ་ཝ་ཆུ་ལོག་ཁུལ་དུ་གནས་པ་དང་འདི་ལོའི་འབྲུབ་ཆུ་རྒྱས་དུས་སུ་གྲོང་ཚོ་ཡོངས་ཀྱི་དུད་ཚང311ཚང་མར་གནོད་འཚེ་ཕོག་ཡོད། ཞི་ཅིན་ཕིང་གིས་གྲོང་ཚོའི་ལམ་བུ་དང་སྡོད་ཁང་སོགས་སླར་གསོ་བསྐྱར་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་སྡོད་ཁང་བསྐྱར་སྐྲུན་བྱ་ཡུལ་དུ་ཕེབས་ནས་གནོད་འཚེ་ཕོག་པའི་གྱོང་གུན་དང་། ཨར་ལས་ཀྱི་འཕེལ་རིམ། གནས་སྐབས་བོགས་གཏོང་ཁང་པར་བསྡད་པ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ་ཁོང་ཚོར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་གནད་མཉམ་སྒྲོལ་བྱས་ཏེ་གྲོང་གསེབ་བསྐྱར་སྐྲུན་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།

       གྲོང་མི་དབྱང་ཕེ་རན་གྱི་སྡོད་ཁང་ལ་གནོད་འཚེ་ཕོག་ཚབས་ཅུང་ཆུང་བས་བརྟན་གཏོང་ཉམས་བཟོ་ཚར་ནས་སྡོད་ཁང་ནང་སྤོས་ཟིན་པ་རེད། ཞི་ཅིན་ཕིང་གྲོང་མི་དབྱང་ཕེ་རན་གྱི་ཁྱིམ་དུ་ཕེབས་ཏེ་ཁོང་ཚོའི་ཁྱིམ་ཚང་གི་ཡོང་འབབ་དང་། ཉམས་བཟོའི་འགྲོ་སོང་། ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་སྡོད་ཁང་ཉམས་བཟོ་བརྟན་གཏོང་དང་བསྐྱར་སྐྲུན་བྱ་རྒྱུ་ནི་གནོད་རྗེས་སླར་གསོ་བསྐྱར་སྐྲུན་གྱི་དོན་ཆེན་ཨང་དང་པོ་དེ་ཡིན། ད་ལྟའི་ངོས་ནས་བལྟས་ཚེ། ཉམས་བཟོ་བརྟན་གཏོང་གི་ལས་འགན་གཞི་རྩའི་ཆ་ནས་ལེགས་འགྲུབ་ཟིན་པ་དང་ལས་འགན་ལྕི་ཤོས་དང་དཀའ་ཚེགས་ཆེ་ཤོས་ནི་བསྐྱར་སྐྲུན་བྱ་རྒྱུ་དེ་རེད། བསྐྱར་སྐྲུན་དུད་ཚང་ལ་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་ཐུགས་ཁུར་ཟབ་བཞེས་གནང་སྟེ་བར་བརྒལ་དུས་སྐབས་སུ་དམིགས་བསལ་གྱི་དཀའ་ངལ་ཡོད་པ་དང་རང་ཉིད་ཀྱིས་སྡོད་ཁང་གནད་དོན་ཐག་གཅོད་བྱེད་ཐབས་བྲལ་བའི་རིགས་བཀོད་སྒྲིག་འོས་འཚམ་བྱེད་དགོས། བྱ་ཐབས་ནུས་ལྡན་སྤྱད་དེ་གནོད་འཚེས་རྐྱེན་པས་དབུལ་ལོག་བཀག་འགོག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

      ཞལ་གྱེས་སྐབས་གྲོང་མི་ཚོས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་རེད། ཞི་ཅིན་ཕིང་གིས་ཚང་མར་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཆུ་ལོག་ལ་ཁ་གཏད་གཅོག་སྐབས་ཡུལ་མི་ཚོར་གྱོང་གུན་ཧ་ཅང་ཆེན་པོ་ཕོག་ཡོད་པས་ངས་ཚང་མར་འཚམས་འདྲི་ཞུ་གི་ཡིན། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གིས་བྱེད་ཐབས་སྣ་མང་སྤྱད་དེ་གནོད་རྗེས་སླར་གསོ་བསྐྱར་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བཞིན་ཡོད། ཡུལ་མི་ཚོས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱས་ཏེ་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་སླར་གསོ་བསྐྱར་སྐྲུན་མགྱོགས་པོ་བྱེད་པ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

      པེ་ཅིང་དུ་ལོག་མ་ཕེབས་གོང་། ཞི་ཅིན་ཕིང་གིས་ཕེབས་རོགས་ཞུ་མཁན་དང་ས་གནས་དེ་གའི་ལས་བྱེད་པར་ཏང་ཀྲུང་དབྱང་གི་ཡང་དག་པའི་ཐབས་ཇུས་བཀོད་སྒྲིག་འོག་རིམ་པ་ཁག་དང་ཕྱོགས་ཁག་གིས་བྱེད་ཐབས་ནུས་ལྡན་སྤྱད་དེ་ལོ་བརྒྱར་ཐོན་དཀའ་བའི་ཆུ་ལོག་གི་གནོད་འཚེའི་གྱོང་གུན་ཕོག་ཚད་དམའ་ཤོས་སུ་སླེབས་པར་བྱས་ཡོད། གནོད་རྗེས་སླར་གསོ་བསྐྱར་སྐྲུན་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཆེ་བ་དང་། ལས་གྲྭའི་རྣམ་གྲངས་མང་བ། མ་དངུལ་གཏོང་ཤུགས་ཆེ་བ་བཅས་ཡོད། ཉེ་ཆར་ཀྲུང་དབྱང་གིས་རྒྱལ་བུན་སྒོར་དུང་ཕྱུར་ཁྲི1མང་དུ་བཏང་ནས་གནོད་རྗེས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་དང་། གནོད་འགོག་གནོད་སེལ་བྱེད་ནུས་ཆེ་རུ་གཏོང་བའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུའི་ཐག་བཅད་པ་རེད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་དམ་པ་དོན་གཉེར་དང་། ཚན་རིག་དང་མཐུན་པའི་འཆར་འགོད། བཀོད་སྒྲིག་ལུགས་མཐུན་བཅས་མཐའ་འཁྱོངས་ཀྱིས་མ་དངུལ་རྣམས་དགོས་མཁོ་ཆེ་སར་སྤྱོད་པ་དང་སྤུས་ཚད་མཐོ་པོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལས་གྲྭ་ཁག་དམངས་སེམས་ལས་གྲྭ་དང་། སྤུས་ལེགས་ལས་གྲྭ། སྤྱོད་གཙང་ལས་གྲྭ་བཅས་ལ་འཛུགས་སྐྲུན་བྱ་དགོས་ཞེས་གསུངས་པ་རེད།།



  • ལེ་ཚན་སྔོན་མ།:ལྷོ་པའི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱེད་དགོས།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༢
  • དོ་སྣང་ཆེ་བའི་རྩོམ།