ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་པའེ་ཏེང་ནས་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་།

        2023-11-20

ཞི་ཅིན་ཕིང་དང་ཨ་རིའི་སྲིད་འཛིན་པའེ་ཏེང་ནས་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་ཧྥེ་ལུའོ་ལི་གཞིས་ཀར་ཨ་རིའི་སྲིད་འཛིན་པའེ་ཏེང་དང་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་བ་རེད། ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ།

ས་གནས་དེ་གའི་དུས་ཚོད་སྤྱི་ཟླ11པའི་ཚེས15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཅིའུ་ཅིན་ཧྲན་ཧྥེ་ལུའོ་ལི་གཞིས་ཀར་ཨ་རིའི་སྲིད་འཛིན་པའེ་ཏེང་དང་ཀྲུང་ཨའི་གཙོ་བདག་གི་མཇལ་འཕྲད་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འབྲེལ་བའི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་དང་དེ་བཞིན་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་ཟོལ་མེད་ཀྱི་སྒོ་ནས་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་ཡོད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་ལ་ལོ་བརྒྱར་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། ཀྲུང་གོ་དང་ཨ་རིའི་དབར་གདམ་ག་གཉིས་ཡོད་དེ། གཅིག་ནི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ། འཛམ་གླིང་གི་བདེ་འཇགས་དང་དར་རྒྱས་ལ་སྐུལ་འདེད་གཏང་རྒྱུ་དེ་རེད། གཅིག་ཤོས་ནི་མཉམ་ལས་མིན་པའི་འཐབ་འགྲན་གྱི་བསམ་བློ་འཆང་བ་དང་དཔུང་ཚོགས་ཁ་གཏད་དུ་ལངས་སུ་བཅུག་ནས། འཛམ་གླིང་དེ་ཉིད་ཟང་ཟིང་དང་ཁ་ཕྲལ་གྱི་ཕྱོགས་སུ་ཁྲིད་པ་དེ་རེད། གདམ་ག་རིགས་གཉིས་ཀྱིས་ཁ་ཕྱོགས་གཉིས་མཚོན་པ་དང་མིའི་རིགས་ཀྱི་མདུན་ལམ་དང་སའི་གོ་ལའི་མ་འོངས་པ་ཐག་གཅོད་བྱ་ཐུབ། འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་དེ་ཡིན་པའི་ངོས་ནས། ཀྲུང་ཨའི་འབྲེལ་བ་དེ་རྒྱབ་ལྗོངས་ཆེན་པོ་དེའི་འོག་བཞག་ནས་བསམ་གཞིགས་དང་ཇུས་འགོད་བྱ་དགོས། ཀྲུང་གོ་དང་ཨ་རིས་འབྲེལ་བ་མ་བྱས་ན་མི་འགྲིག་ཅིང་། ཕར་ཕྱོགས་ལ་འགྱུར་བ་གཏོང་འདོད་པ་ནི་དོན་དངོས་དང་མི་མཐུན་པའི་བྱེད་སྤྱོད་ཅིག་ཡིན། འགལ་ཟླ་དང་འགྲན་རྒོལ་གྱི་མཇུག་འབྲས་ནི་སུས་ཀྱང་ཐེག་མི་ཐུབ། རྒྱལ་ཁབ་ཆེན་པོའི་འགྲན་རྩོད་ཀྱིས་ཀྲུང་ཨ་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་འཕྲད་པའི་གནད་དོན་ཐག་གཅོད་བྱེད་མི་ཐུབ། སའི་གོ་ལ་འདིའི་སྟེང་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཤོང་ཐུབ། ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་རང་སོའི་གྲུབ་འབྲས་ནི་ཕ་རོལ་ཕྱོགས་ཀྱི་གོ་སྐབས་ཤིག་རེད་ཅེས་བསྟན་འདུག།

ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་ཁྱད་ཆོས་དང་ནང་དོན་གྱི་དོན་སྙིང་། དེ་བཞིན་ཀྲུང་གོའི་འཕེལ་རྒྱས་ཀྱི་མདུན་ལམ་དང་འཐབ་ཇུས་ཀྱི་བསམ་འདུན་རྒྱས་བཤད་གཏིང་ཟབ་གནང་ཡོད།  ཞི་ཅིན་ཕིང་གིས། ཀྲུང་གོ་འཕེལ་རྒྱས་གཏོང་བར་རང་ངོས་ཀྱི་གཏན་ཚིགས་དང་ཆོས་ཉིད་ཡོད་པས། ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོས་མི་སེར་སྤེལ་བའི་བཙན་འཕྲོག་གི་ལམ་རྙིང་པར་སྐྱོད་རྒྱུ་མིན་ལ། རྒྱལ་ཁབ་གཅིག་སྟོབས་ཆེར་གྱུར་ཚེ་རྒྱལ་ཁབ་གཞན་ལ་བཙན་དབང་བྱེད་ངེས་པའི་ལོག་ལམ་དུའང་སྐྱོད་རྒྱུ་མིན། འདུ་ཤེས་འཛིན་སྟངས་ཕྱིར་སྤེལ་རྒྱུ་མིན་ལ། རྒྱལ་ཁབ་གང་རུང་ཞིག་དང་འདུ་ཤེས་འཛིན་སྟངས་ཀྱི་འགྲན་རྒོལ་ཡང་བྱ་རྒྱུ་མིན། ཀྲུང་གོར་ཨ་རི་ལས་སྟོབས་ཆེར་འགྱུར་བའམ་ཨ་རིའི་ཚབ་བྱེད་འདོད་པའི་འཆར་གཞི་མེད་ལ། ཨ་རིར་ཡང་ཀྲུང་གོ་བཀག་སྡོམ་བྱ་རྒྱུའི་བསམ་བློ་ཡོད་མི་རུང་ཞེས་བསྟན་འདུག།

ཞི་ཅིན་ཕིང་གིས། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཡོང་བ་བྱ་རྒྱུ་དེ་ནི་ལོ་ངོ50ཡི་ཀྲུང་ཨའི་འབྲེལ་བའི་ལོ་རྒྱུས་ཁྲོད་གསོག་འཇོག་བྱས་པའི་ཉམས་མྱོང་ཞིག་ཡིན་ལ། ལོ་རྒྱུས་ཐོག་གི་རྒྱལ་ཁབ་ཆེན་པོའི་གདོང་ཐུག་གིས་བློ་སྒོ་འབྱེད་པ་ཞིག་ཀྱང་ཡིན་པས། ཀྲུང་ཨའི་ཐུན་མོང་འབད་བརྩོན་གྱི་ཁ་ཕྱོགས་ཤིག་ཡིན་དགོས། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་རྒྱུན་འཁྱོངས་བྱས་ཚེ། མི་མཐུན་པའི་ཆ་ཡོངས་སུ་བསལ་ནས། རྒྱལ་ཁབ་ཆེན་པོ་གཉིས་མཉམ་གནས་ཀྱི་ལམ་བུ་ཡང་དག་ཅིག་འཚོལ་ཐུབ་ངེས་རེད། ད་ཐེངས་ཅིའུ་ཅིན་ཧྲན་དུ་མཇལ་འཕྲད་བྱེད་སྐབས། ཀྲུང་ཨ་རྒྱལ་ཁབ་གཉིས་ལ་ཕུགས་འདུན་གསར་པ་ཡོད་དགོས་པ་དང་། ཐུན་མོང་ཐོག་ཀྲུང་ཨའི་འབྲེལ་བའི་ཀ་རྟེན་ལྔ་པོ་བརྟན་དུ་གཏང་རྒྱུར་འབད་བརྩོན་བྱ་དགོས་ཏེ།

གཅིག་ནི་ཐུན་མོང་ཐོག་ཤེས་རྟོགས་ཡང་དག་ཡོང་བ་བྱ་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་བརྟན་ལྷིང་དང་སྐྱོན་བྲལ། རྒྱུན་མཐུད་རུང་བ་བཅས་ཀྱི་ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཛུགས་རྒྱུར་གཞོལ་བཞིན་ཡོད། དེ་དང་ཆབས་ཅིག། ཀྲུང་གོར་ངེས་པར་དུ་སྲུང་སྐྱོང་བྱ་དགོས་པའི་ཁེ་ཕན་དང་། ངེས་པར་དུ་སྲུང་སྐྱོང་བྱ་དགོས་པའི་རྩ་དོན། ངེས་པར་དུ་བརྟན་སྲུང་བྱ་དགོས་པའི་མཐའ་ཚད་བཅས་ཡོད། རྒྱལ་ཁབ་གཉིས་པོས་རོགས་ཟླ་བྱས་ཏེ་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་ཡོང་བ་བྱ་རྒྱུའི་རེ་བ་ཡོད།

གཉིས་ནི་ཐུན་མོང་ཐོག་མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་ནུས་ལྡན་བྱ་དགོས། ཕྱོགས་འགལ་དེ་རྒྱལ་ཁབ་གཉིས་པོའི་བར་འཕྲེད་དུ་བཅད་པའི་འགལ་རྐྱེན་གྱི་འོབས་དོང་ཆེན་པོར་འགྱུར་དུ་འཇུག་མི་རུང་བར། ཐབས་ཤེས་བཏོན་ནས་ཁ་སྤྲོད་དུ་སྐྱོད་པའི་ཟམ་པ་རྒྱག་དགོས། ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་རྩ་དོན་གྱི་མཐའ་ཚད་ཤེས་རྟོགས་བྱས་ཏེ། རྙོག་དྲ་མི་བཟོ་བ་དང་། རྩོད་གཞི་མི་སློང་བ། རྒྱལ་མཚམས་ལས་མི་སྒྲོལ་བ། འབྲེལ་གཏུག་མང་ཙམ་བྱེད་པ། སྐད་ཆ་ཤོད་རེས་མང་ཙམ་བྱེད་པ། གྲོས་བསྡུར་མང་ཙམ་བྱེད་པ། ལྟ་བ་ཕྱོགས་འགལ་དང་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞི་ལྷོད་ངང་ཐག་གཅོད་བཅས་བྱ་དགོས།

གསུམ་ནི་ཐུན་མོང་ཐོག་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏང་དགོས། ཀྲུང་གོ་དང་ཨ་རིའི་དབར་ཁྱབ་ཁོངས་མང་པོར་ཐུན་མོང་གི་ཁེ་ཕན་རྒྱ་ཁྱབ་གནས་ཤིང་། དེའི་ནང་དཔལ་འབྱོར་ཉོ་ཚོང་དང་ཞིང་ལས་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཚུད་ཡོད་ལ་གནམ་གཤིས་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱང་ཚུད་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་དང་། དཔལ་འབྱོར། དངུལ་རྩ། ཚོང་དོན། ཞིང་ལས་སོགས་ཁྱབ་ཁོངས་སུ་སླར་གསོ་བྱས་པའམ་ཡང་ན་གསར་དུ་བཙུགས་པའི་ལམ་སྲོལ་བེད་སྤྱོད་གང་ལེགས་བྱས་ཏེ། དུག་འགོག་དང་། ཁྲིམས་འཛིན་ཁྲིམས་བསྟར། མི་ཐབས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱ་དགོས།

བཞི་ནི་ཐུན་མོང་ཐོག་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་དགོས། མིའི་རིགས་ཀྱི་སྤྱི་ཚོགས་ལ་འཕྲད་པའི་རྙོག་དྲ་ཐག་གཅོད་བྱེད་པར་རྒྱལ་ཁབ་ཆེན་པོའི་དབར་མཉམ་ལས་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། ཀྲུང་གོ་དང་ཨ་རིས་མིག་དཔེ་བསྟན་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་བརྒྱབ་སྟེ། གོ་ལ་ཧྲིལ་པོར་སྤྱི་པའི་ཐོན་རྫས་དེ་བས་མང་བ་མཁོ་འདོན་བྱ་དགོས། ཕྱོགས་གཉིས་པོས་བཏོན་པའི་གྲོས་འགོ་ཕན་ཚུན་ལ་སྒོ་དབྱེ་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ནས་མཉམ་ཤུགས་ཤིག་ཀྱང་ཆགས་པ་བྱ་དགོས།

ལྔ་ནི་ཐུན་མོང་ཐོག་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏང་དགོས། རྒྱལ་ཁབ་གཉིས་པོའི་ཐད་གཏོང་དུས་གཏན་གནམ་གྲུ་མང་དུ་གཏོང་བ་དང་། ཡུལ་སྐོར་མཉམ་ལས་ལ་སྐུལ་འདེད་གཏོང་བ། ས་གནས་དབར་འགྲོ་འོང་བྱེད་རྒྱ་ཆེ་རུ་གཏོང་བ། སློབ་གསོའི་མཉམ་ལས་ལ་ཤུགས་རྒྱག་པ་བཅས་བྱས་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་འགྲོ་འོང་མང་ཙམ་དང་འབྲེལ་གཏུག་མང་ཙམ་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས་ཞེས་བསྟན་འདུག།

ཞི་ཅིན་ཕིང་གིས་ཐའེ་ཝན་གནད་དོན་ཐད་ཀྱི་རྩ་དོན་ལངས་ཕྱོགས་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཁོང་གིས། ཐའེ་ཝན་གནད་དོན་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་ཁྲོད་གལ་ཆེ་ཤོས་དང་ཚོར་བ་རྐྱེན་ཤོས་ཀྱི་གནད་དོན་རེད། ཨ་རི་ཕྱོགས་ཀྱིས་པ་ལི་གླིང་ཕྲན་དུ་ཐུག་འཕྲད་བྱེད་རིང་བསྟན་པའི་འབྲེལ་ཡོད་དགེ་མཚན་ལྡན་པའི་རྣམ་འགྱུར་ལ་ཀྲུང་གོ་ཕྱོགས་ཀྱིས་མཐོང་ཆེན་བྱེད་ཀྱི་ཡོད། ཨ་རི་ཕྱོགས་ཀྱིས“ཐའེ་ཝན་རང་བཙན”ལ་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་བསྟན་པ་དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་མཚོན་པར་བྱས་ཏེ་ཐའེ་ཝན་ལ་དྲག་ཆས་སྤྲོས་མཚམས་འཇོག་པ་དང་ཀྲུང་གོའི་ཞི་བདེ་གཅིག་གྱུར་ལ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་མཐར་ཐུག་གཅིག་གྱུར་ཡོང་རྒྱུ་དང་གཅིག་གྱུར་ཡོང་རྒྱུ་ནི་ལྡོག་ཐབས་མེད་པ་ཞིག་རེད་ཅེས་བསྟན་འདུག།

ཞི་ཅིན་ཕིང་གིས། ཨ་རིས་ཕྱིར་གཏོང་ལ་དོ་དམ་ཚོད་འཛིན་དང་། མ་འཇོག་ལ་ཞིབ་བཤེར། ཕྱོགས་རྐྱང་པའི་བཀག་སྡོམ་བཅས་ཀྱི་ཐད་ཀྲུང་གོར་དམིགས་པའི་བྱ་ཐབས་ཟམ་མི་ཆད་པར་བཟུང་སྟེ། ཀྲུང་གོའི་ལུགས་མཐུན་གྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད། ཀྲུང་གོའི་ཚན་རྩལ་གྱི་མགོ་བོ་གནོན་པ་ནི་ཀྲུང་གོའི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་བཀག་སྡོམ་བྱེད་པ་དང་ཀྲུང་གོའི་མི་དམངས་ཀྱི་གོང་འཕེལ་དབང་ཆ་འཕྲོག་པ་ཞིག་ཡིན། ཀྲུང་གོ་གོང་འཕེལ་སྟོབས་ཆེར་འགྲོ་བར་ནང་གནས་ཀྱི་གཏན་ཚིགས་ཡོད་པས། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བཀག་འགོག་བྱེད་མི་ཐུབ། ཨ་རི་ཕྱོགས་ཀྱིས་ཀྲུང་གོའི་དོ་ཁུར་བྱ་གཞིར་ལྟ་སྟངས་ནན་པོ་འཛིན་པ་དང་། བྱ་སྤྱོད་དངོས་བཟུང་བ། ཕྱོགས་རྐྱང་པའི་བཀག་སྡོམ་མེད་པ་བཟོ་བ་བཅས་བྱས་ཏེ། ཀྲུང་གོའི་ཁེ་ལས་ལ་གཞུང་དྲང་དང་། དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད་ཅེས་བསྟན་འདུག།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་པ་ལི་གླིང་ཕྲན་གྱི་ཐུག་འཕྲད་བྱས་ཚུན་ཀྲུང་གོ་དང་ཨ་རིའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་གཏན་འབེབས་བྱ་རྒྱུའི་ཐད་གྲོས་བསྡུར་ཧུར་ཐག་བྱས་པར་ཁས་ལེན་གནང་བ་དང་། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། འབྲེལ་གཏུག་རྒྱུན་འཁྱོངས། གདོང་ཐུག་བཀག་འགོག《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན》ལ་བརྩི་སྲུང་ཞུ་བ་བཅས་བྱེད་པ་དང་། ཁེ་ཕན་མཉམ་གནས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ། འགན་འཁུར་བའི་རྣམ་འགྱུར་ཐོགས་ཏེ་ཕྱོགས་གཉིས་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་རྒྱུ་རྐྱེན་ལ་དོ་དམ་ཚོད་འཛིན་བྱེད་པ་བཅས་བྱ་དགོས་པའི་ནན་སྟོན་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་ཚོགས་པས་མུ་མཐུད་དོན་དེའི་ཐད་གྲོས་བསྡུར་བྱ་རྒྱུར་དགའ་བསུ་ཞུས་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་གོ་དང་ཨ་རིའི་ཁྱབ་ཁོངས་ཁག་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་སྐུལ་འདེད་དང་ཤུགས་རྒྱག་རྒྱུར་མོས་མཐུན་གནང་བ་དང་། དེའི་ཁྲོད་དུ་མི་ཐབས་རིག་ནུས་ཀྱི་སྲིད་གཞུང་བར་གྱི་སྐད་ཆ་ཤོད་རེས་བྱ་རྒྱུ་དང་། ཀྲུང་གོ་དང་ཨ་རིའི་དུག་འགོག་མཉམ་ལས་ལས་དོན་ཚོགས་ཆུང་བཙུགས་ནས་དུག་འགོག་མཉམ་ལས་བྱ་རྒྱུ། འདྲ་མཉམ་དང་བརྩི་འཇོག་གི་རྨང་གཞིའི་ཐོག་དམག་གཉིས་ཀྱི་མཐོ་རིམ་འབྲེལ་གཏུག་དང་། ཀྲུང་གོ་དང་ཨ་རིའི་རྒྱལ་སྲུང་པུའི་ལས་དོན་གྲོས་མོལ། ཀྲུང་གོ་དང་ཨ་རིའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་སྒྲིག་གཞིའི་གྲོས་ཚོགས་བཅས་སླར་གསོ་བྱས་ཏེ། ཀྲུང་གོ་དང་ཨ་རིའི་དམག་གཉིས་ཀྱི་འཐབ་ཁུལ་འགོ་ཁྲིད་པའི་བར་སྐད་ཆ་ཤོད་རེས་བྱ་རྒྱུ། སང་ལོའི་དུས་ཚོད་སྔ་ཙམ་ལ་མཁའ་འགྲུལ་གྱི་ལན་གྲངས་མངོན་གསལ་དོད་པོས་མང་དུ་གཏང་རྒྱུར་མོས་མཐུན་བྱ་རྒྱུ། སློབ་གསོ་དང་། ཕྱིར་སྡོད་སློབ་མ། གཞོན་ནུ། རིག་གནས། ལུས་རྩལ། བཟོ་ཚོང་ལས་རིགས་བཅས་ཀྱི་སྤེལ་རེས་རྒྱ་སྐྱེད་གཏང་རྒྱུ་སོགས་ཚུད་ཡོད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མིག་སྔའི་འགག་རྩའི་ལོ་བཅུའི་ནང་ཀྲུང་གོ་དང་ཨ་རིས་ལྷན་དུ་གནམ་གཤིས་ཀྱི་ཉམས་ཉེན་ལ་ཁ་གཏད་ཧུར་ཐག་གཅོག་པའི་གལ་ཆེན་རང་བཞིན་ནན་སྟོན་གནང་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་གནམ་གཤིས་ལས་དོན་ཕོ་ཉས་ཉེ་དུས་བགྲོ་གླེང་ཧུར་ཐག་བྱ་རྒྱུར་དགའ་བསུ་ཞུས་གནང་ཡོད། དེའི་ནང་། 2020ཡི་ལོ་རབས་ནང་རྒྱལ་ནང་གི་འབུད་བཤངས་ཉུང་གཏོང་བྱ་སྤྱོད་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཏི་པའེ་ཚོགས་ཆེན་ལེགས་གྲུབ་ལྡན་པའི་ངང་གཉེར་རྒྱུར་ལྷན་དུ་སྐུལ་འདེད་གཏང་རྒྱུ། ཀྲུང་གོ་དང་ཨ་རིའི་དུས་རབས21གི་ལོ་རབས20པའི་གནམ་གཤིས་བྱ་སྤྱོད་ཤུགས་ཆེན་སྤེལ་བའི་ལས་དོན་ཚོ་ཆུང་བཙུགས་ནས་གནམ་གཤིས་ཀྱི་ཞིབ་ཕྲའི་བྱ་སྤྱོད་གང་མགྱོགས་སྤེལ་རྒྱུ་བཅས་ཚུད་ཡོད་པ་རེད།།( ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།)


  • ལེ་ཚན་སྔོན་མ།:ལི་ཆང་གིས་ཨ་རིའི་ཚོང་དོན་པུའི་པུའུ་ཀྲང་དང་ཐུག་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།