དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་མཉམ་ལས་ཀྱི་གན་རྒྱ་བཞག་ནས་དཀར་མཛེས་ཁུལ་གྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས།

        2023-11-20

སྤྱི་ཟླ11པའི་ཚེས14ཉིན།དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དཀར་མཛེས་ཀྱི་གནམ་གཤིས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་བའི་མཉམ་ལས་ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་དར་མདོར་སྤེལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དང་ཞིང་ཆེན་གནམ་གཤིས་ཅུས་ཏང་ཙུའུ་ཡི་ཧྲུའུ་ཅི།ཅུས་ཀྲང་ཕེང་ཅུན་གན་འཇོག་མཛད་སྒོར་ཕེབས་ཤིང་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་གན་རྒྱ་འཇོག་པའི་མཛད་སྒོ་གཙོ་སྐྱོང་གནང་བ་རེད།

ཧྲེན་དབྱང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་ཞུས་ནས་ཕེང་ཅུན་དང་ལྷན་ཕེབས་རྣམས་ལ་དགའ་བསུ་ཞུས་པ་དང་།ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གནོད་འགོག་གནོད་སེལ་སོགས་ཀྱི་ཐད་ནས་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ཕྱོགས་གཉིས་པོས་ད་ཐེངས་ཀྱི་གྲོས་མཐུན་ལ་མིང་རྟགས་འགོད་པ་གོ་སྐབས་སུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཨུའི་འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཤིང་། རང་སོ་སོའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དཀར་མཛེས་ཁུལ་གྱི་གནམ་གཤིས་ཚན་རྩལ་ཆུ་ཚད་མཐོ་རུ་གཏོང་ཞིང་། ཕྱོགས་གཉིས་པོའི་མཉམ་ལས་གྲུབ་འབྲས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ་དཀར་མཛེས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་གནམ་གཤིས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་བའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཕེང་ཅུན་གྱིས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་།ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་ཉེ་བའི་ལོ་ཤས་རིང་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་།འབྲེལ་ཡོད་སྡེ་ཚན་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དཀར་མཛེས་ཁུལ་གྱི་གནམ་གཤིས་སྡེ་ཚན་གྱི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོན་པ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ལ་འགན་ལེན་ཐུབ་ཡོད། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་གནམ་གཤིས་ཞབས་ཞུའི་དགོས་མཁོར་དམིགས་ཏེ་དགོས་མཁོར་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་དཀར་མཛེས་ཁུལ་གྱི་གནམ་གཤིས་སྒྲིག་ཆས་དང་ལག་རྩལ།ཤེས་ལྡན་མི་སྣ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་གཏང་རྒྱུ་དང་།ཕྱོགས་གཉིས་པོའི་མཉམ་ལས་ལ་དེ་བས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ་གནམ་གཤིས་ཞབས་ཞུ་སྤུས་ཚད་མཐོན་པོས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།

ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཡོན་ཀང་དང་ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐའོ་ཅན་རྣམ་གཉིས་ཀྱིས་ཕྱོགས་གཉིས་པོའི་ཚབ་ཞུས་ཏེ་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་རིག་གནས་སྐོར་གླེང་བའི་གདམས་ངག། ༦༣
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།