མི་རིགས་མཐུན་སྒྲིལ་ལེའུ་མཐོ་སྒང་ཡུལ་དུ་བརྩམས།། བརྩེ་སེམས་འོད་མདངས་དཀར་པོས་གངས་ཅན་བུ་རྒྱུད་བསྐྱངས།།

རྟ་མགྲིན་རྡོ་རྗེས་བསྒྱུར།        2024-01-05

བོད་རིགས་བྱིས་པ་ཉིས་བརྒྱ་ལྷག་བསྐྱངས་པའི་རྒྱ་རིགས་བགྲེས་སོང་ཏོའུ་ཀྲི་རུང་གི་གནས་ཚུལ་རགས་བཀོད།

མི་རིགས་མཐུན་སྒྲིལ་ལེའུ་མཐོ་སྒང་ཡུལ་དུ་བརྩམས།། བརྩེ་སེམས་འོད་མདངས་དཀར་པོས་གངས་ཅན་བུ་རྒྱུད་བསྐྱངས།།
ཏོའུ་ཀྲི་རུང་དང་གསོ་སྐྱོང་བྱས་པའི་བྱིས་པའི་བར་གྱི་ཕ་བུ་ལྟ་བུའི་མཛའ་བརྩེ།

སྤྱི་ཟླ12པའི་ཚེས10ཉིན། དར་མདོའི་གཡག་རྭ་ལྟག་སྒོའི་ཁང་བརྩེགས་ག་གེ་མོའི་ཐོག་ཁང་ནང་དུ་དྲོད་འཇམ་གྱི་ཉི་འོད་ལམ་ལམ་དུ་ཤར་བ་དང་དགུན་ཁའི་གྲང་ངར་ཡལ་ཞིང་གཡང་ཁྱིམ་དྲོད་ཀྱིས་ཁེངས། ལོ86ལ་སླེབས་པའི་བགྲེས་སོང་ཏོའུ་ཀྲི་རུང་གི་ལག་ཏུ་འདྲ་པར་བཟུང་ནས་འདས་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་ངོ་གདོང་འཛུམ་གྱིས་ཁེངས།

ཏོའུ་ཀྲི་རུང་གི་ལག་ཏུ་བཟུང་བའི་འདྲ་པར་མང་པོ་ཞིག་རྙིང་ནས་སེར་པོར་གྱུར་འདུག་ལ་བྱིས་པ་ཁ་ཤས་ཀྱི་མིང་ལ་ཅི་ཟེར་བ་ཡང་མནོ་བསམ་ཡང་ཡང་བཏང་རྗེས་ད་གཟོད་ཡིད་ལ་དྲན་གྱི་འདུག། ཁོང་གིས་གསོ་སྐྱོང་བྱས་པའི་བྱིས་པ་མང་དྲགས་པས་ལམ་སང་དྲན་ཐུབ་གི་མི་འདུག་ལ་བྱིས་པ་ཚོའི་མིང་དྲན་ཐེངས་རེར་སེམས་ལ་སྨྲ་མི་ཤེས་པའི་དགའ་སྤྲོས་ཁེངས།

ཏོའུ་ཀྲི་རུང་གིས་ཁོས་ཡིག་ཆ་འདི་དག་ཀློག་སྐབས་འདས་ཟིན་པའི་ལོ་ཟླ་བསྐྱར་དུ་སླེབས་པའི་སྣང་བ་ཞིག་ཤར་བྱུང་ལ། བྱིས་པ་འདི་དག་དངོས་ནས་སྙིང་རྗེ་པོ་འདུག་ཅེས་བཤད་པ་རེད། ལབ་བརྡོལ་འདི་དག་ལས་ཡབ་ཆེན་ཞིག་གི་གཅེས་སེམས་དང་ང་རྒྱལ་རབ་ཏུ་མངོན་པ་རེད།

མི་རིགས་མཐུན་སྒྲིལ་ལེའུ་མཐོ་སྒང་ཡུལ་དུ་བརྩམས།། བརྩེ་སེམས་འོད་མདངས་དཀར་པོས་གངས་ཅན་བུ་རྒྱུད་བསྐྱངས།།

བགྲེས་པོ་ཏོའུ་ཀྲི་རུང་གིས་སློབ་སྦྱོང་ནན་ཏན་བྱེད་བཞིན་པ།

གཞོན་པའི་དུས་ནས་གསར་ བརྗེའི་ལམ་དུ་ཞུགས།

མི་ཚང་མས་ཏོའུ་ཀྲི་རུང་ལ་གསར་བརྗེ་རྒན་རབས་པ་ཞེས་འབོད་ཀྱི་ཡོད། ཁོང་གིས་གཞོན་དུས་ཀྱི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་ཚོར་སྣང་ཟབ་མོས་ང་རང་ལོ14ནས་གསར་བརྗེའི་ལས་དོན་ལ་ཞུགས་པ་ཡིན་ཞེས་བཤད།

ཏོའུ་ཀྲི་རུང་ནི་མེན་དབྱང་སན་ཐའེ་ཡི་མི་ཡིན། ཁྱིམ་ཚང་གི་འཚོ་བ་ཧ་ཅང་ཞན་རྐྱེན་སློབ་ཆུང་ལོ་རིམ་བཞི་པའི་སྐབས་སུ་སློབ་བྱོལ་མི་བྱེད་ཐབས་མེད་བྱུང་ནས་ཁྲེང་ཏུའུ་ཞིན་ཏུའུ་པའོ་ཀོང་དགོན་པའི་ནང་བསྟན་སློབ་གླིང་དུ་གྲྭ་པ་བྱས།

1949ལོར་བོད་ལྗོངས་ལྷ་ས་ནས་ཕེབས་པའི་སྨི་ཝུའུ་དགེ་བཤེས་ཀྱིས་པའོ་ཀོང་དགོན་དུ་འཆད་ཁྲིད་གནང་སྐབས། དགོན་བདག་མའེ་ལུན་གྱིས་ཏོའུ་ཀྲི་རུང་ལ་སྨི་ཝུའུ་དགེ་བཤེས་ཀྱི་རྒྱུན་གཏན་འཚོ་བར་ལྟ་རྟོག་གནང་རྒྱུའི་འགན་བཞེས།

སྨི་ཝུའུ་དགེ་བཤེས་ཀྱི་དངོས་མིང་ལ་ཧུ་ལུའི་ཡུང་ཟེར་ཞིང་དེ་ནི་རྒྱ་རིགས་དགེ་བཤེས་ཤིག་ཡིན་ལ་ཡར་ཐོན་གྱི་བསམ་བློ་ལྡན་པའི་ཆོས་ལུགས་མི་སྣ་ཞིག་ཀྱང་ཡིན་པ་རེད། དགེ་བཤེས་ཁོང་གི་ཐུགས་རྒྱུད་བྱམས་སེམས་ཀྱིས་ཕྱུག་ཅིང་ཏོའུ་ཀྲི་རུང་ལ་ཡང་ལྷག་ཏུ་གཅེས་སྐྱོང་མཛད་པ་རེད།

ཏོའུ་ཀྲི་རུང་སློབ་ཁྲིད་གནང་བཞིན་པའི་སྨི་ཝུའུ་དགེ་བཤེས་དང་འགྲོགས་ནས་ཁྲུང་ཆིང་དུ་ཐོན་སྐབས་ལྷ་ས་ནས་ཁྲུང་ཆིང་ལ་ཕེབས་པའི་ཆོས་ལུགས་མི་སྣ་གྲགས་ཅན་ངག་དབང་རྒྱ་མཚོར་འཕྲད་པ་རེད།

ངག་དབང་རྒྱ་མཚོ་ནི་ཕ་ཡུལ་དཀར་མཛེས་ནས་ཡིན་པའི་བོད་རིགས་ཤིག་ཡིན་ཞིང་། 1911ལོར་དཀར་མཛེས་དར་རྒྱས་དགོན་པ་ནས་གྲྭ་པ་བྱས། 1922ལོར་སེ་ར་དགོན་དུ་ཕེབས་ནས་སྒྲུབ་སྦྱོང་མཛད། 1940ལོར་དབྱིན་ཇིར་ངོ་རྒོལ་བྱེད་མཁན་གྱི་གཙོ་འཛིན་མི་སྣའི་གྲས་ཤིག་ཡིན་པ་རེད། འཇའ་འགོག་དམག་འཁྲུག་གི་སྐབས་སུ། སེ་ར་དགོན་པ་ནས་བླ་མ་བསྡུས་ཏེ་དབྱིན་ཇི་བཙན་རྒྱལ་རིང་ལུགས་པར་ངོ་རྒོལ་བྱེད་མཁན་ལ་གནོད་འཚེ་ཐེབས་རྐྱེན་ཁྲུང་ཆིང་ལ་མི་ཕེབས་ཀ་མེད་བྱུང་། 1949ལོའི་ཟླ་བ12པར་ཁྲུང་ཆིང་བཅིངས་འགྲོལ་བཏང་རྗེས་ཀྲུང་གུང་ལྷོ་ནུབ་ཅུས་ཀྱི་མགོ་ཁྲིད་པས་མཇལ་འཕྲད་གནང་བ་དང་རང་མོས་ངང་ལྷ་སར་ཕེབས་ནས་བོད་ཞི་བས་བཅིངས་འགྲོལ་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ།

ངག་དབང་རྒྱ་མཚོ་ཞི་ཁམས་དུ་ཕྱིར་ལོག་ནས་ལྷོ་བྱང་གཉིས་ཀྱི་མི་སྣ་དང་མཐུན་སྒྲིལ་བྱས་ཏེ་བོད་བཅིངས་འགྲོལ་གཏང་རྒྱུར་གྲ་སྒྲིག་བྱེད་བཞིན་པའི་སྐབས་དེར། སྨི་ཝུའུ་དགེ་བཤེས་ཀྱིས་ཏོའུ་ཀྲི་རུང་ངག་དབང་རྒྱ་མཚོར་ངོ་སྤྲོད་བྱས་ནས་དེ་ལྟར་ལོ་ན་བཅུ་བཞིར་ལོན་པའི་ཏོའུ་ཀྲི་རུང་ངག་དབང་རྒྱ་མཚོ་ཡི་དགེ་ཕྲུག་བྱས་པ་དང་ཁོང་གི་རྗེས་སུ་འབྲངས་ནས་སློབ་སྦྱོང་བྱས་པ་རེད།

1950ལོའི་ཟླ10པར། ངག་དབང་རྒྱ་མཚོ་ལྷོ་ནུབ་མི་རིགས་ཀྱི་གཟིགས་འབུལ་ཚོགས་པའི་ཁོངས་མིའི་ངོས་ནས་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་གཅིག་འཁོར་བའི་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོར་ཞུགས། ཕྱིར་ལོག་རྗེས་གཟིགས་འབུལ་གྱི་བརྒྱུད་རིམ་ངོ་སྦྲོད་བྱས་པས་ཏོའུ་ཀྲི་རུང་གསར་བརྗེའི་ལས་དོན་ལ་ཡིད་སྨོན་ཆེན་པོ་སྐྱེས་ནས་གསར་བརྗེའི་དཔུང་སྡེའི་ནང་ཞུགས་རྒྱུའི་བསམ་བློ་འཁོར། ཁོང་གིས་ངག་དབང་རྒྱ་མཚོར་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དང་ངག་དབང་རྒྱ་མཚོས་ཁོང་གི་བསམ་བློར་བརྩི་འཇོག་གནང་ནས་གསར་བརྗེའི་དམག་དཔུང་ནང་ཞུགས་རྒྱུར་འོས་སྦྱོར་བྱས་པ་རེད།

1951ལོའི་ཟླ་བ་དང་པོར། ཏོའུ་ཀྲི་རུང་ལྷོ་ནུབ་གུང་གཞོན་ཚོགས་པའི་སློབ་གྲྭའི་སློབ་སྦྱོང་འཛིན་གྲྭ་ཐེངས་གཉིས་པར་ཞུགས་ནས་ལོ་ཕྱེད་ཙམ་ལ་སློབ་སྦྱོང་བྱས། ཕྱིར་ལོག་རྗེས་ལོ་ཕྱེད་རིང་གི་རིག་གནས་གསོ་སྦྱོང་མཛད། 1952ལོའི་ཟླ་བ་དང་པོར། ཏོའུ་ཀྲི་རུང་ངག་དབང་རྒྱ་མཚོ་དང་ཁ་བྲལ་ནས་ཁུལ་ཨུ་རྩ་འཛུགས་པུའུ་ཡིས་དར་མདོ་གུང་གཞོན་ཚོགས་པའི་ཨུ་ཡོན་གྱི་ལས་འཛིན་པར་བསྐོ་གཞག་བྱས།

བྱིས་པ་ཉིས་བརྒྱ་ལ་རོགས་རམ་མཛད་ནས་སློབ་གྲྭར་བསྐྱལ།

ལས་ཀར་ཞུགས་པའི་ཏོའུ་ཀྲི་རུང་གིས་ཐོག་མར་དར་མདོ་གུང་གཞོན་ཚོགས་པའི་ལས་དོན་ཨུ་ཡོན་ལྷན་ཁང་དུ་ཕྱག་ལས་གནང་བ་དང་། ཕྱིས་སུ་དར་མདོའི་ས་ཆ་སོ་སོར་སོང་ནས་ལས་དོན་བསྒྲུབས་པ་དང་ཁོང་གི་ཞབས་རྗེས་ཡང་དར་མདོའི་ས་ཆ་ཀུན་ཏུ་ཁྱབ་ཡོད་པ་རེད། ཁོང་གིས“སྐབས་དེར་ལོ་གཅིག་གཉིས་ནང་ས་ཆ་གཞན་དུ་སོང་ནས་ལས་དོན་བསྒྲུབས་པས་དཀའ་ཚེགས་ཅུང་ཆེ་མོད། མི་ལ་སྦྱོང་བརྡར་ཐེབས་ཏེ་རང་གི་ལས་ཀའི་ནུས་པ་ཡང་ཆེ་རུ་ཕྱིན་སོང”ཞེས་བཤད། འདི་ལྟར་ཏོའུ་ཀྲི་རུང་སྡུག་རུས་ཀྱི་ཁྲོད་ནས་རིམ་བཞིན་ནར་སོན་པ་རེད།

དེའི་རྗེས་སུ་ཏོའུ་ཀྲི་རུང་གིས་སྔ་རྗེས་སུ་ལྷ་སྒང་འོ་ཕྱེ་བཟོ་གྲྭའི་འགོ་འཛིན་དང་ན་གཞོན་ཤེས་ཡོན་ཅན་གཞུང་ལས་ཁང་གི་ཀྲུའུ་རེན། ལྷ་སྒང་ཆུས་དང་རྫོང་ཞབས་ཆུས་ཀྱི་མགོ་ཁྲིད། ད་དུང་རྫོང་ཨུ་ཏང་གི་སློབ་གྲྭའི་གོ་གནས་གཞོན་པ་དང་། 1983ལོར་དར་མདོ་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས། ཁོང་གིས་སྐབས་དེའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་དཀའ་ཚེགས་ཆེ་བས་ངས་ལོ་ལྟར་ལས་དོན་ཚོ་ཆུང་གི་སྣེ་ཁྲིད་དེ་རྫོང་ཡོངས་ཀྱི་དགོན་སྡེར་བཅར་འདྲི་བྱེད་ཀྱི་ཡོད། དེ་སྔོན་ང་རང་ཡང་གྲྭ་པ་བྱས་མྱོང་བས་ཆོས་ལུགས་ཀྱི་ཤེས་བྱ་ལ་རྒྱུས་མངའ་ཡོད་པ་དང་ལས་དོན་སྒྲུབ་པ་ཅུང་ལས་སླ་པོ་འདུག་ལ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱས་པ་ཡིན། ལྷག་བསམ་ཟོལ་མེད་ཀྱི་སྤྱོད་ཚུལ་བཟུང་ན་ལས་དོན་དོན་འཁྱོལ་ཡོང་གི་འདུག་ཅེས་བཤད།

བཅར་འདྲི་བྱེད་སྐབས། ཏོའུ་ཀྲི་རུང་གིས་བྱིས་པ་མང་པོ་ཞིག་ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཆེ་བའི་དབང་གིས་སློབ་གྲྭར་མ་སོང་བར་སློབ་བྱོལ་མི་བྱེད་ཀ་མེད་བྱུང་བ་ཤེས་རྗེས། ཁོས་ཕྱོགས་གཅིག་ནས་ཁྱིམ་བདག་ལ་སྐུལ་སློང་བྱས་ཏེ་བྱིས་པ་སློབ་གྲྭར་སྐྱེལ་དུ་བཅུག་པ་དང་ཕྱོགས་གཅིག་ནས་འབྲེལ་ཡོད་ཁྱིམ་ཚང་གི་ཞིབ་ཕྲའི་དཀའ་ངལ་འཚོལ་བསྡུ་དང་ཤེས་རྟོགས་བྱས་ནས་སློབ་གསོ་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་དངོས་ཡོད་གནད་དོན་ཐག་གཅོད་བྱས་ནས་ཕྲུ་གུ་དེ་བས་མང་བ་སློབ་གྲྭར་འགྲོ་ཐུབ་པ་བྱས།

སྐབས་དེར་བྱིས་པ་སློབ་མཚམས་ཆད་པའི་རྒྱུ་རྐྱེན་གཙོ་བོ་ནི་སློབ་ཞུགས་ཆ་རྐྱེན་ཞན་པས་ཙམ་མ་ཡིན་པར། མང་ཆེ་བ་ནི་ཁྱིམ་བདག་གིས་དཔེ་ཀློག་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཡག་དག་པ་བྱེད་མ་ཐུབ་པས་རེད། ཚང་མས་སློབ་གྲྭར་སོང་ཡང་གཞུག་ནས་ཁྱིམ་དུ་ལོག་ནས་ཞིང་ལས་དང་ནོར་ལུག་འཚོ་དགོས་པར་ངོས་འཛིན་བྱེད་ཀྱི་ཡོད། སྐབས་དེར་དར་མདོ་རྫོང་དཔའ་སྲེག་རོང་ཡུལ་ཤོག་ཏུ་བཀྲ་ཤིས་ཟེར་བའི་རྣམ་རིག་བཀྲ་ཞིང་སློབ་གྲྭར་འགྲོ་འདོད་ཆེ་བའི་བྱིས་པ་ཞིག་ཡོད། ཏོའུ་ཀྲི་རུང་གྲོང་སྡེར་སླེབས་མ་ཐག་ལོ10ལ་ལོན་པའི་བཀྲ་ཤིས་ཀྱིས་ཁོང་ལ“ཨ་ཁུ། ང་རང་སྡེ་བ་འདི་དང་བྲལ་ནས་སློབ་གྲྭར་འགྲོ་འདོད་ཡོད”ཅེས་བཤད། ཏོའུ་ཀྲི་རུང་གིས་རེ་བས་ཁེངས་པའི་མིག་མདངས་ལ་བལྟས་རྗེས་སེམས་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ཤིང་། ཁོ་རང་སྡེ་བ་མང་པོར་འགྲོ་མྱོང་མོད་བྱིས་པ་མང་ཆེ་བར་དཔེ་དེབ་ཀློག་པའི་འདུ་ཤེས་མེད་པ་དང་ཚེ་གང་པོར་ཕ་ཡུལ་ནས་ཞིང་ལས་ཕྱུགས་སྐྱོང་བྱ་དགོས་སྙམ་གྱི་ཡོད། བཀྲ་ཤིས་ལྟ་བུའི་བསམ་བློ་ཡོད་པའི་བྱིས་པ་ནི་ཧ་ཅང་ཉུང་ཉུང་རེད། བྱིས་པ་སློབ་གྲྭར་འགྲོ་འདོད་ཡོད་ཀྱང་ཕ་མའི་བསལ་བློ་ནི་རྦད་དེ་ཁ་ཁ་རེད། ཁོང་གིས་ཐབས་བརྒྱ་ཇུས་སྟོང་གིས་བཀྲ་ཤིས་སློབ་གྲྭར་བསྐྱལ་བ་དང་རྗེས་སུ་བཀྲ་ཤིས་མཐོ་རིམ་སློབ་གྲྭར་རྒྱུགས་འཕྲོད་རྗེས་བཀྲ་ཤིས་ཀྱི་ཨ་ཕས་མར་དང་ཤ་ཁྱེར་ནས་ཁོང་ལ་བཀའ་དྲིན་ཞུས་པ་རེད།

ཁོང་གིས“རགས་རྩིས་བྱས་ན་སློབ་མ་ཉིས་བརྒྱ་ལྷག་སློབ་གྲྭར་འགྲོ་བར་རོགས་རམ་བྱས་པ་ཡིན། ང་རང་ལ་དཀའ་སྡུག་དེ་ཙམ་ཡོད་ཀྱང་ངའི་རོགས་རམ་ལ་བརྟེན་ནས་མི་གཞན་གྱི་འཚོ་བའི་གནས་ཚུལ་ཇེ་ལེགས་སུ་སོང་བ་དང་།ཐ་ན་ལས་དབང་ལ་འགྱུར་ལྡོག་བཏང་བ་མཐོང་སྐབས་སེམས་གཏིང་ནས་དགའ་ལ་བློས་གཏོང་ཡོད་ཚད་རིན་ཐང་ལྡན་པར་འདུག”ཅེས་བཤད།

བོད་རིགས་བྱིས་པའི་རྒྱ་རིགས་ཡབ་ཆེན།

“ཨ་ཕ་ལགས། ངལ་གསོ་གནང་རོགས། བལྟས་ནས་ཡུན་རིང་ཞིག་འགོར་སོང་། གཟུགས་པོ་ལ་གཟབ་གཟབ་བྱོས།” ཁོང་གིས་ཉིན་ཕྱེད་ཙམ་ལ་དཔེ་ཆར་བལྟས་རྗེས། མི་དར་མ་ཞིག་གིས་ཇ་ཞིག་ཁྱེར་ནས་ཁོང་གི་ཕྲག་པར་འཕུར་མཉེད་བྱེདབཞིན་འདུག། མི་དར་མ་དེའི་མིང་ལ་ཚུལ་ཁྲིམས་ཟེར་ཞིང་ཁོ་ནི་བོད་རིགས་ཤིག་ཡིན་ལ་ད་ལོ་ལོ43ལ་སླེབས་པ་རེད། ཁོང་དང་ཏོའུ་ཀྲི་རུང་གཉིས་ཀྱི་དབར་ལ་ཁྲག་རྒྱུད་ཀྱི་འབྲེལ་བ་གང་ཡང་མེད་མོད་ཁོ་གཉིས་ལ་ཕ་བུ་ལྟ་བུའི་འདང་བརྩེ་ཡོད། ཚུལ་ཁྲིམས་ཀྱིས“ང་ནི་ཉག་ཆུ་རྫོང་གྲོང་གསུམ་ཡུལ་ཤོག་གི་མི་ཡིན། དེ་སྔོན་དགོན་པ་ཞིག་ཏུ་གྲྭ་པ་བྱས་མྱོང་ལ་རྒྱུན་དུ་ཁྲོམ་ལམ་མྱུལ་ཏེ་འགྲོ་གི་ཡོད། ལོ12ལ་སླེབས་སྐབས་ཨ་ཕས(ཏོའུ་ཀྲི་རུང)ང་རང་ཁྲིད་ནས་སློབ་གྲྭར་བསྐྱལ་བ་རེད། གལ་ཏེ་ངའི་ཨ་ཕ་ཁོང་མེད་ཚེ་ད་ལྟ་ང་ཅི་འདྲ་ཞིག་ཏུ་གྱུར་ཡོད་པ་མི་ཤེས”ཞེས་བཤད།

ཁོང་གིས་དུས་རབས་སྔོན་མའི་ལོ་རབས80པ་ནས་བཟུང་སྔ་རྗེས་སུ་ཕྲུ་གུ་བཅུ་ལྷག་ཙམ་གསོ་སྐྱོང་བྱས། ཕྲུ་གུ་འདི་དག་ཉུང་མཐར་ཡང་ཁོང་གི་ཁྱིམ་དུ་ལོ5བསྡད་པ་དང་སྡོད་ཡུན་ཆེས་རིང་ཤོས་ལོ25འགོར་བ་རེད།

དོན་ངོ་མར་བྱིས་པ་ག་ཚོད་གསོ་སྐྱོང་བྱས་མྱོང་། ཁོང་གིས“ཚུལ་ཁྲིམས། དཔལ་ལྡན། ཚེ་རིང་བཀྲ་ཤིས། རྒྱ་མཚོ། བཀྲ་ནོར། ཅན་ཧྭ། ཀའོ་ཞུའེ་ཀུའེ། ཉི་མ། ཤེས་རབ”སོགས་མཛུབ་མོར་བགྲང་ཡང་རྩིས་མ་ལོན་པ་རེད། ཁོང་གིས་གསོ་སྐྱོང་བྱས་པའི་བྱིས་པ་འདི་དག་དར་མདོ་ཁོ་ན་མ་ཡིན་པར་དཀར་མཛེས་དང་མཚོ་སྔོན་ཡུལ་ཤུལ་སོགས་ནས་ཡང་ཡོད་པ་རེད།

ཚུལ་ཁྲིམས་ནི་ཏོའུ་ཀྲི་རུང་གི་ཁྱིམ་ནས་ནར་སོན་རྗེས། གྱོན་ཆས་ཚོང་ཁང་གཉེར་མྱོང་ལ་གློག་ཀླད་འཚོང་མྱོང་། ད་ཆར་བོད་ལྗོངས་ནས་ཨར་ལས་འགན་གཙང་ལེན་གྱི་སྦྱིན་བདག་ཆུང་ཆུང་བྱས་ནས་ལོ་རེར་ཡོང་འབབ་ཁྲི20ལྷག་ཙམ་ཡོད་པ་རེད། དར་མདོར་སླེབས་ཐེངས་རེ་ལ་ཏོའུ་ཀྲི་རུང་ལ་ལྟ་བར་ཡོང་གི་ཡོད་པར་མ་ཟད། ད་དུང་རང་ཉིད་ཀྱི་བུ་མོའི་རུས་ཡང་ཏའུ་རུ་བསྒྱུར་ཡོད་པ་རེད། ཁོས“ཨ་ཕས་གཉོར་སྐྱོང་བྱས་པའི་བྱིས་པ་ཚོ་ལོ་རེ་བཞིན་དུ་ཡུལ་ལ་ལོག་ནས་ཁོང་ལ་བལྟ་རུ་ཡོང་གི་ཡོད་པ་རེད། ཁོང་ནི་ང་ཚོའི་སེམས་གཏིང་གི་ཡབ་ཆེན་དེ་ཡིན་ལ་ངས་ནམ་ཡང་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་ཁོང་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་མི་དེ་བས་མང་པོར་རོགས་རམ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

ལོ49ལ་སླེབས་པའི་ཚེ་རིང་བཀྲ་ཤིས་ནི་དར་མདོ་རྫོང(དེང་གི་དར་མདོ་གྲོང་ཁྱེར)གི་བྱིས་པའི་ཕན་བདེ་ཁང་གི་བྱིས་པ་ཡིན་ཞིང་། དེ་སྔ་ཏོའུ་ཀྲི་རུང་གི་ཁྱིམ་དུ་ལོ5བསྡད་མྱོང་། ད་ཆར་ཏོའུ་ཀྲི་རུང་གྱི་ཁྱིམ་དུ་བསྡད་ནས་ཁོང་གི་འཚོ་བར་ལྟ་རྟོག་བྱེད་ཀྱི་ཡོད། ཏོའུ་ཀྲི་རུང་གིས“ངའི་མི་ཚེ་འདིར་བྲིས་མྱོང་བའི་བག་ཆགས་ཟབ་ཤོས་ཀྱི་གྲོས་གཞི་ཞིག་ནི《བྱིས་པའི་ཕན་བདེ་ཁང་གི་ལག་རྩལ་གསོ་སྦྱོང་ལ་ཤུགས་རྒྱག་པའི་སྐོར་གྱི་གྲོས་འགོ》ཞེས་པ་དེ་ཡིན། ངའི་རེ་བར་བྱིས་པ་དེ་དག་ལ་འཚོ་ཐབས་བྱེད་པའི་ལག་རྩལ་ཞིག་ཡོད་པ་བྱས་ནས་ལམ་ལོག་ཏུ་མི་འགྲོ་བ་བྱ་དགོས། ངའི་མི་ཚེ་འདིར་འགྱོད་གནོང་ཡོད་པའི་བྱ་བ་ཧ་ཅང་ཉུང་མོད་དེ་སྔོན་ཁང་པ་རྒྱ་ཆེན་པོ་ཞིག་མེད་པར་འགྱོད་པ་སྐྱེས་མྱོང་ཡོད། གལ་ཏེ་ཁང་པ་ཅུང་ཆེན་པོ་ཞིག་ཡོད་ཚེ་བྱིས་པ་མང་ཙམ་སྡོད་ཆོག་གི་རེད”ཅེས་བཤད།

དེ་ལྟར་ཡ་རབས་སྤྱོད་བཟང་གི་རྒྱ་རིགས་བགྲེས་སོང་ཞིག་བོད་རིགས་ཕྲུ་གུ་ཚོའི་ནང་སེམས་ཀྱི་རྟེན་སར་གྱུར་པ་དང་། ཁོང་གིས་སྤྱོད་བཟང་ལ་བརྟེན་ནས་བྱིས་པ་ཚོའི་འབྱུང་འགྱུར་གྱི་མི་ཚེའི་གཤིན་སར་རེ་བའི་ས་བོན་བཏབ་པ་རེད།།

  • ལེ་ཚན་སྔོན་མ།:འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།