ཟླ་བཟང་གིས་བྲིས་ཤིང་ཀུན་དགས་པར་བླངས། 2024-01-05
ཁམས་སྐྱེ་དགུ་ནས་ཐོན་པའི་རྫ་ཆུ་དཀར་མཛེས་ཡུལ་དུ་བཞུར་པའི་རིང་ཚད་སྤྱི་ལེ་དགུ་བཅུ་གོ་གཉིས་ཙམ་ཡོད་པ་དེ་ལ་ཏྲེ་ཆུ་ཟེར་བཞིན་ཡོད། ཏྲེ་ཆུའི་སྨད་རྒྱུད་ཀྱི་རིང་ཚད་སྤྱི་ལེ་བཞི་ཅུ་ཞེ་དྲུག་ཡོད་པའི་ལོགས་གཉིས་ཀྱི་ཐང་རྒྱ་ཡངས་པོའི་མིང་ལ་ཏྲེ་ཤོད་དེ་ཐམས་ཅད་ཞིང་ས་གཤིན་པོ་ཡིན། དེ་ལ་སོ་ནམ་བྱེད་མཁན་གྱི་ཞིང་པ་རྣམས་རི་ཡི་སྡིངས་དང་ཆུ་ཡི་ངོགས་ཞིང་གི་མཐའ་སོགས་ན་དབྱར་ལུག་སྤང་ལ་བརྡལ་བ་བཞིན་དུ་གྲོང་པར་ཆགས་ནས་གནས་ཡོད། ས་ཆ་རེ་ལ་འགྲོ་ལུགས་རེ།ལུང་པ་རེ་ལ་ཆགས་ལུགས་རེ་ཞེས་པའི་དཔེ་ལྟར་འདི་ནས་ཡན་ལོ་ངོ་བཅུ་ཕྲག་གཉིས་ཀྱི་སྔོན་ན་ཞིང་པ་དེ་དག་གི་ཁང་པ་ལས་སྟངས་དང་། སྐད་ཆ་བཤད་སྟངས། འགྲོ་ལུགས་འདུག་སྟངས། ཟ་ལུགས་འཐུང་སྟངས། ཕྱག་ལས་ཆོ་ག་སོགས་ཅི་ས་གང་ཐད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དོད་ཡོད་ཅིང་། ལེགས་པར་ཞིབ་ཏུ་བསམས་ན་ཁྱད་ཆོས་རེའི་བག་ན་བསམ་བློའི་འཁྱེར་སོ་རེ་ཡོད་པ་མཐོང་ཐུབ། ཡུལ་གཞན་དང་མི་འདྲ་བའི་ལུས་ཀྱི་གོན་པའི་ཁྱད་ཆོས་ནི་ཁྱད་ཆོས་ཀུན་ལས་ལྷག་པར་མངོན་གསལ་དོད་པར་གྱུར་ཡོད།
ཞིང་པ་ཚོ་ལ་ངལ་རྩོལ་སྐབས་སུ་གྱོན་པའི་ཆེད་དུ་བྱ་བའི་ལས་གོས་ཞེས་པ་ལོགས་སུ་མེད་ཀྱང་ལས་ཀ་སྒྲུབ་སྐབས་གོན་པ་རྙིང་པ་དང་ཅུང་ཆུང་ཞིང་ཐུང་བའི་བདེ་མོ་ཡང་པ་གྱོན་ཞིང་། ལས་གོས་ཀྱི་དོད་དུ་སོང་བ་ལྟ་བུ་ཞིག་ལ་ཕྱར་ཙི་ཞེས་རྒྱབ་ཏུ་གྱོན་པའི་ཕྱར་བ་ཆུང་ངུ་འཁུར་སྟན་དང་ཆར་གོས་གཉིས་ཀ་བྱེད་ཆོག་པ་ཞིག་ཡོད། ངལ་རྩོལ་བྱེད་མཁན་ཡིན་ཕྱིན་ཕྱར་ཙི་གྱོན་མ་ངེས་ཀྱང་ཕྱར་ཙི་གྱོན་པ་ཞིག་མཐོང་ན་ངལ་རྩོལ་བྱེད་དུ་འགྲོ་བར་འགྱུར་བའམ་སོང་པ་ཡིན་པར་ཐག་ཆོད་པ་ཡིན། དུས་ཆེན་དང་འདུས་ཚོགས་བྱེད་སྒོ་སོགས་ཀྱི་སྐབས་སུ་རྫིག་ཕུད་ཅེས་རྒྱན་གོས་གསར་པས་མཆོར་ར་ཕུད་སྲོལ་ཡོད།
གྱོན་གོས་ལ་ལུག་སླག། ར་སླག། ཚ་རུ། ཚར་རྩག། སྤུ་གཟན་སོགས་པགས་པའི་རིགས་དང་། ཕྲུག། འགོ་སྣམ། ཞུད་མ། ཤད་མ། སྦྱར་མ་སོགས་སྣམ་བུའི་རིགས། ཁ་རྐྱང་། འབུ་རས། རྔུལ་ལེན། ཨོང་རས་སོགས་རས་གོས་རིགས། སྐྱེས་པ་སྒེར་གྱི་སྟོད་ཐུང་དང་རྐང་སྣམ། བུད་མེད་ཀྱི་སྨད་གཡོགས་དང་པང་ཡོལ་ལམ་པང་ཁེབས། ཞྭ་ལ་ཚེ་རིང་སྐྱིང་ཁེབས། པགས་ཞྭ། ཝ་ཞྭ། ཕི་གླིང་ཀོ་ཞྭ། ཚར་ཞྭ། ལྷམ་ལ་འཇུར་རྟ། སྣམ་ལྷམ། ཀོ་ལྷམ། ཀོ་བརྩེགས་ལྷམ། སྐྱ་ལྷམ་སོགས་སྣ་ཚོགས་པ་ཡོད་ཅིང་ཕལ་མོ་ཆེ་ནི་བལ་དང་པགས་པ་སོགས་རང་ས་ནས་ཐོན་པའི་རྒྱུ་ཆས་རང་བཟོས་བྱེད་པ་ཡིན། རྒྱན་ཆ་ལ་གསེར། དངུལ། ཟངས། གཟི། བྱུ་རུ། གཡུ། གཡང་ཊི། སྤོས་ཤེལ། དུང་། མཆོང་། མ་ན་ཧོ། པདྨ་ར་ག། མུ་ཏིག། མུ་མེན། བ་སོ་སོགས་རིན་པོ་ཆེའི་རིགས་འདྲ་མིན་གྱི་དབུ་རྒྱན་དང་། རྣ་རྒྱན། མགུལ་རྒྱན། ལག་གདུབ། སྐེད་རྒྱན། མཛུབ་དཀྲིས། མཐེ་སྐོར། གའུ། ཕྲེང་བ། ག་ཤལ། སྤར་ཁུག། གློ་ཁུག། འབའ་ཁུག། མྱེ་ཆ། འཇབ་རྩེ་སོགས་བཟོས་པའམ་ཁྲ་བཏབ་ནས་འདོགས་ཤིང་གསེར་རྙེད་པ་ལས་གཡུ་རྨིས་ན་དགའ་ཞེས་གཡུ་ལ་ལྷག་པར་གཡང་དུ་སྒོམ།
གོས་ལ་སྟག་ལྤགས་གཟིག་ལྤགས་སྲམ་སྤགས་སོགས་གཅན་གཟན་རི་དྭགས་ཀྱི་པགས་པས་མཐའ་ཤན་བརྒྱབ་མྱོང་མོད། འོན་ཀྱང་རྒྱན་གང་འདོགས་ཐམས་ཅད་མིག་ལམ་དུ་མཛེས་ཕྱིར་ཡིན་པས་འདོགས་མང་དྲགས་པ་དང་ཤན་ཐལ་ཆེ་པ་སོགས་བསོད་ནམས་འཛད་པའི་རྒྱུ་ཞེས་ཡ་རབས་དང་མཛེས་པར་མི་བརྩི། རྒྱན་གོས་ཤིམ་ར་བྱེད་སའི་ཡུལ་མི་འདྲ་བའི་དབང་གིས་མཆོར་ར་བྱེད་སྟངས་ལའང་ཁྱད་པར་འབྱུང་སྟེ། དཔེར་ན་ཆོས་གནང་པ་དང་། དབང་བསྐུར་བ། མཆོད་མཇལ་བྱེད་པ། རྨོན་སྐར་འཛིན་པ་སོགས་སོ་ནམ་ལས་ཀའི་འགོ་འཛུགས་པའི་རྟེན་འབྲེལ་སྒྲུབ་པ་ལྟ་བུའི་སྐབས་སུ་སྐྱེས་ཕོ་མོ་གཉིས་ཀས་གཙོ་བོ་མཆོད་པའི་རྫས་སུ་དམིགས་ཏེ་གོན་པ་གསར་པ་དང་གཙང་མ་ཁ་དོག་མཛེས་པ་དག་ལ་གཙིགས་ཆེར་འཛིན་ཞིང་མཚོན་ཆ་དང་པགས་པའི་རིགས་ཀྱི་རྒྱན་མི་འདོགས་ལ་རྫིག་ཉམས་དོད་པ་དང་སྒེག་ཉམས་འདོན་པར་འབད་པར་མི་བྱེད། བག་སྟོན་གཤོམ་པ་དང་། ཤོམ་སྟོན་བྱེད་པ། བྲོ་འཆམ་པ། གཞས་རྒྱག་པ་ལྟ་བུའི་སྐབས་སུ་སྐྱེས་པ་ཕོས་རྫིག་པོ་དང་དྲག་པོའི་སྟབས་ཀྱིས་བརྗིད་ཉམས་དོད་པར་འབད་ཅིང་། ཟ་མ་མོས་མཛེས་སྣང་དོད་པའི་ཆས་དང་ཞི་བའི་ཉམས་ཀྱིས་ཡིད་དུ་འོང་བར་བརྩོན་སྲིད།
སྤྱིར་བཏང་ཡུལ་གྲུ་འདིའི་རྒྱན་གོས་བཟོ་ལྟ་ལ་མདོ་དབུས་གཉིས་དང་ཁྱད་པར་ཆེ་བར་མ་ཟད་ཐ་ན་ཉེ་ཁོར་གྱི་རྫོང་ཁག་གཞན་པ་རྣམས་ཀྱི་ཆ་ལུགས་དང་ཡང་མི་འདྲ་ས་མང་པོ་ཡོད་ཅིང་། ཕོ་མོ་སུའི་གོས་ཡིན་རུང་གཙོ་བོ་བེད་སྤྱོད་ཀྱི་རིན་ཐང་དང་མཛེས་དཔྱོད་ཀྱི་རིན་ཐང་བཅས་ཕྱོགས་གཉིས་ནས་ཁྱད་ཆོས་མངོན་གསལ་དོད་པ་ཡིན། རྒྱུན་དུ་གྱོན་པའི་གོས་ལ་གཙོ་བོ་དྲོ་ཡང་བདེ་གསུམ་ལ་གཙིགས་ཆེར་བྱེད་ཅིང་མཆོར་ར་བྱེད་པའི་སྐབས་སུ་ཕོ་གོན་རྫིག་པོ་དང་མོ་གོས་མཛེས་པོ་ལ་དོ་སྣང་བྱེད་པ་ཡིན། སྐྱེས་པའི་གོས་ལྭ་ནི་རིང་ཐུང་ཕལ་ཆེར་ལུས་ལས་ཅུང་རིང་ལ་འཁོབས་ཤིན་ཏུ་ཆེ་བ་དང་ཕུ་རུང་རིང་ལ་སྦོམ་པོ་ཡོད་ཅིང་དེས་བྱེས་སུ་འགྲོ་བ་སོགས་ཀྱི་སྐབས་ཉིན་མོར་གོས་སུ་གྱོན་ཅིང་མཚན་མོར་ཉལ་སྟན་གཉིས་ཀར་སྤྱོད་ཆོག་པ་དང་། ཁོད་པུས་མོའི་ཐད་དུ་ཡར་བསྟུངས་ཏེ་སྐེ་རགས་ཀྱིས་སྐེད་པར་དམ་པོ་བསྡམས་པས་ཨམ་ཕྲག་ཁོག་ཆེན་པོར་ཅ་དངོས་བསྡུ་སྟེ་ཁུག་མའི་གོ་ཆོད་པ་དང་། བཞེངས་འདུག་འགྲོ་རྒྱུག་བདེ་བ། རྒྱུན་དུས་ལས་ཀ་མེད་སྐབས་སམ་སྔ་དགོང་གྲང་ངར་ཆེ་དུས་ཕུ་རུང་གྱོན་ནས་དྲོད་གསོ་ཞིང་། ལས་ཀ་ལྗིད་མོ་ལས་དུས་དང་ཉིན་གུང་དྲོད་ཚད་ཆེ་སྐབས་སུ་ཕུ་རུང་ཕུད་དེ་སྐེད་པར་མདུད་བདེ་བ། དྲོད་གྲང་སྙོམས་པ་དང་ལས་ཀ་སྤྱིར་བཏང་བ་རྣམས་ལས་སྐབས་ཁོག་སྟོད་གཡོན་པའི་ཕུ་རུང་གྱོན་ཞིང་གཡས་པའི་ཕུ་རུང་ཕུད་དེ་བྱེད་ཆོག་པ་སྟེ། བོད་མིའི་ལག་པའི་བེད་སྤྱོད་ལ་གཙོ་བོ་གཡས་པ་ལ་གཡོན་པས་གྲོགས་བྱེད་པའི་གོམས་གཤིས་དང་མཐུན་པ། གཡས་ཀྱི་ལྭ་ཐུ་ནང་དང་གཡོན་གྱི་ཐུ་བ་ཕྱི་མར་བྱས་ནས་ཁ་བསུབས་པ་ནི་སྐོར་བ་ཐམས་ཅད་གཡས་སུ་ཕྱོགས་པའི་ལུགས་སྲོལ་དང་མཐུན་ལ་ལག་གཡས་པས་ཨམ་ཕྲག་གློང་བདེ་བ་སྟེ། ལས་ཀ་ཡོད་མེད་དང་ཉིན་གཅིག་གི་དྲོད་གྲང་འགྱུར་ལྡོག་ཆེ་བ་ལ་བརྟེན་ནས་གོན་པ་བརྗེ་མི་དགོས་པར་གཅིག་གོ་གཉིས་སུ་ཆོད་པ་ལྟ་བུ་སྤྱོད་སྒོ་མང་བ་དང་སྟབས་བདེ་བ་སོགས་ཀྱི་ཡོན་ཏན་མང་པོ་ལྡན་ཡོད། ཁོད་པུས་མོ་ཁེབས་ཙམ་གྱི་བར་དུ་བསྟུངས་ལ། གཡས་གཡོན་སྔུན་རྒྱབ་ཚང་མ་སྟུང་ཚད་འདྲ་བའམ་རྒྱབ་ཕྱོགས་མདུན་ངོས་ལས་ཅུང་ཡར་བསྟུངས་བ་དང་། སྐ་རགས་སྔུན་ལ་མདུད་ཅིང་རྒྱབ་ཕྱོགས་སུ་རྐུབ་སུལ་ཅི་ཙམ་མང་ན་དེ་ཙམ་མཛེས་པར་རྩི། ཁོད་སྤྱི་བརླ་རྩར་ཡར་སྟུང་ཆེ་བ་དང་རྐང་པར་མར་ཕབ་ཆེ་བ། གཡས་གཡོན་གྱི་ཐུ་བ་ཐུར་དུ་སྣར་བ། རྒྱབ་ཕྱོགས་ཡར་འཐེན་ཆེ་བའམ་མར་བསྣར་ཆེ་བ་དང་སིལ་མོ་མེད་པའམ་ཉུང་བ། གོས་མཚང་རར་དཀྲིས་པ། སྐ་རགས་མི་དམ་ལྷོད་པའམ་མཚང་རའི་སྟེང་དུ་བཅིངས་པ། མདུད་པ་རྒྱབ་ཏུ་རྒྱག་པ། གོས་སྦོ་ལུག་མར་གྱོན་པ་སོགས་ནི་གྱོན་སྟངས་མ་འགྲིག་པ་དང་མི་མཛེས་པར་རྩི་བ་ཡིན། སྤྱིར་བཏང་ཕོ་མོའི་ཡིད་ལ་བུ་མར་དོ་གཉིས་ལ་གཟུགས་མི་དགོས་ཞེས་སྐྱེས་པ་ལ་རྫིག་དང་མི་རྫིག་ལས་མཛེས་དང་མི་མཛེས་ཟེར་བའི་སྲོལ་མེད་སྟབས། ཕོ་གསར་ལ་རྫིག་པོ་དང་བརྗིད་པོ་སོགས་ལས་མཛེས་པོ་དང་དྭངས་མ་སོགས་ཀྱི་ཐ་སྙད་མི་བཀོལ་ཞིང་། བུ་མོ་ལ་མཛེས་མ་དང་སྣང་སྣང་ལྟ་བུ་ལས་རྫིག་པོ་དང་བརྗིད་པ་སོགས་ཀྱི་མིང་བརྡ་མི་སྤྱད། ཕོ་གོས་ཐམས་ཅད་གོན་པ་པོ་གཞན་གྱི་མིག་ལམ་ན་རྫིག་པོ་ཡོང་བ་ལ་འབད་པ་སྟེ། རྫིག་པོ་ཞེས་པར་ཚིག་མཛོད་དག་ཏུ་ཇི་ལྟར་འགྲེལ་ཡོད་རུང་ཕ་ཡུལ་གྱི་མི་རྣམས་ཀྱིས་ཕ་རོལ་པོ་ལ་ཟིལ་གྱིས་གནོན་པའམ་གཟི་བརྗིད་ལྡན་པའི་སྣང་བ་སྟེར་པ་ཞིག་ལ་ངོས་འཛིན་པས་མགོར་སྐྲ་རལ་ལེ་རུལ་ལེ་བཞག་པ་དང་། སྐྲ་སྣེ་ལ་སྐྲ་ཕོད་རིང་པོ་དང་སྦོམ་པོ་ཁ་དོག་གཅིག་པ་བཏགས་ནས་མགོར་སྒོང་བ། རྒྱ་སྐྲ་སྒོང་པ། ཝ་ལྤགས་རླིད་བུ་སྒང་པ། ཞྭ་མོ་སྒོག་བཞི་དང་ཞྭ་མོ་ལྕང་མདའ་གྱོན་པ། འགྲམ་པ་ལ་རྒྱ་བོ་བཞག་པ། ལུས་ལ་རྔུལ་ལེན་དང་ལྭ་བ་ཆ་ཆེན་འཛབས་རིང་གོན་པ། ལྭ་ཁོད་བསྟུངས་བ། སྐེ་རགས་སྔུན་ལ་མདུད་ཅིང་སྣེ་མོའི་ཚར་ལོ་ཐུར་དུ་བསྣར་བ། རྐེད་པར་གྲི་རིང་པོ་གཟེར་པ། རྒྱབ་ལ་བོའུ་ཁུར་བ། ཁོག་སྨད་ལ་རྐང་སྣམ་སྦོམ་པོ་གྱོན་ནས་དོར་ལུག་བྱེད་པ། འཇུར་རྟ་ཡུ་རིང་དང་ཀོ་བརྩེགས་ཞབས་བཀྱགས་མ་སོགས་ལ་ལྷམ་སྒྲོག་མ་བཅིངས་ནས་ཉྭ་ལུག་ཏུ་གྱོན་པ་སོགས་གང་ཅི་ཡོད་ཐམས་ཅད་མི་རྫིག་པོའི་རྣམ་པ་དོད་པའི་ཆེད་ལ་དམིགས་པར་མ་ཟད། གོས་འཁོབས་ཆེ་བ་དང་ཕུ་རུང་སྦོམ་པས་སྐྱེས་པ་ཕོའི་ཁོག་རྒྱ་ཡངས་པའི་མཚོན་བྱེད་དུ་བགྲངས་པའི་སྲོལ་ཡང་ཡོད། དེ་ནི་ཡུལ་འདིའི་མི་རྣམས་ཀྱི་གནའ་ནས་དའི་བར་གྱི་འཚོ་བའི་གོམས་གཤིས་སུ་ཕྱི་རོལ་ཡུལ་གྱི་དགྲ་དང་འཇིགས་པའི་གནོད་པ་འགོག་པ་སོགས་དྲག་པོའི་ལས་ཀ་གཙོ་བོ་སྐྱེས་པ་ཕོ་ཡིས་སྒྲུབ་པའི་སྲོལ་ལྡན་པ་དང་འབྲེལ་བ་ཡོད་པ་སྙམ། དེ་དང་མི་འདྲ་བ་ཞིག་ལ་བུད་མེད་རྣམས་བྱེས་སུ་ཆས་པ་དང་ལས་ཀ་ལྕི་མོ་ལས་པའི་སྐབས་ཉུང་བ་དང་། ལྷག་པར་དུ་མཛེས་དཔྱད་ཀྱི་ཆ་ནས་སྤྱིར་བཏང་དུ་གཟུགས་སྐྱེ་བ་ཡག་པ་ལས་ཁོག་ཤེས་པ་ཅན་གྱིས་དགའ་ཞེས་ཕྱི་མཛེས་པ་བརྒྱ་ལས་ནང་མཛངས་པ་གཅིག་གིས་གཙིགས་ཆེན་པོར་བྱེད་ཅིང་། ཕྱིའི་གཟུགས་སྐྱེ་བ་ལ་བུད་མེད་ལ་མཛེས་དང་མི་མཛེས་ལས་རྫིག་དང་མི་རྫིག་གིས་བརྟག་སྲོལ་མེད་པས། སྐྲ་སླས་ཤིང་བར་དུ་རས་སྐུད་སྒྲིལ་པའི་སྐྲ་མཐུད་དང་སྣེ་མོར་སྟོང་སྐུད་ཁ་དོག་སྣ་ཚོགས་ཀྱི་ཕོད་འཛར་ཁྲ་བོ་བཏགས་ཏེ་ཇ་ཟགས་བཅིངས་པ་རྒྱབ་ཀྱི་སྐེ་རགས་ལ་དྲངས་ནས་ཐུར་དུ་དཔྱངས། བློ་གྲི་ཆུང་ངུ་འདོགས་པ། མགུལ་རྒྱན་དང་རྣ་རྒྱན་བཏགས་པ། གདོང་ལ་དམར་རྩི་བྱུག་པ། གྱོན་ཆས་རིང་ཐུང་རྐང་མགོར་ཁེབས་པ་དང་ཕུ་རུང་ཅུང་ཐུང་ཞིང་ཕྲ་བ་དང་གོས་ཁོག་ཆུང་ཞིང་ལུས་ལ་འབྱར་བ་སོགས་བུད་མེད་ཀྱི་ལུས་པོའི་རྣམ་པ་ཇི་བཞིན་དུ་ཕྱིར་མངོན་གསལ་དོད་ཅིང་གཞན་གྱི་ཡིད་དབང་འཕྲོག་པར་འབད་མོད། འོན་ཀྱང་བུད་མེད་སྤྱི་དང་ཁྱད་པར་དུ་མོ་གསར་མས་ཕུ་རུང་གཉིས་ཀ་ཕུད་ནས་ཁོག་སྟོད་གཞན་ལ་བསྟན་པ་མི་བྱེད་ཅིང་། ལུས་ཀྱི་ཆ་ཤས་ཕྱིར་རྗེན་དུ་བུད་པའམ་ལུས་ཀྱི་རྣམ་པ་མངོན་གསལ་དོད་དྲགས་པ་སོགས་ནི་ངོ་ཚ་ཞེ་ཁྲེལ་དགོས་པའི་གནས་སུ་བཟུང་བས། གོས་མེད་དམར་རྗེན་དང་གོས་ཐུང་ཆེ་བའམ་སྲབ་དྲགས་པའམ་ཆུང་ངུ་ཤུབས་ལྟ་བུ་གོན་པ་སོགས་ནི་སྤྱོད་པ་མ་རབས་དང་སྨད་པའི་ཡུལ་དུ་བགྲངས། གོས་ཀྱི་ཁ་དོག་ལ་རྔུལ་ལེན་ཕོའི་དཀར་པོ་ཤས་ཆེ་ཞིང་མོའི་དམར་པོ་དང་རྒུན་འབྲུམ་མདོག་སོགས་སྣ་མང་ཡང་ལྭ་བའི་མདོག་ལ་ཕོ་མོ་སུ་ཡིན་རུང་སྣམ་གོས་དཀར་པོ་ལས་གཞན་རས་ཆའི་གོས་ལ། ཧ་ཅང་ཁྲ་ཆེ་བ་དང་། དཀར་ཆེ་བ། གསལ་ཆེ་བ། དམར་རྐྱང་དང་སེར་རྐྱང་ལྟ་བུ་དྭངས་ཆེ་བ་མ་ཡིན་པར་ནག་པོ་དང་སྨུག་པོ་སོགས་ནག་ཤས་ལྡན་པ་གྱོན་མང་ཞིང་། དེས་ལུས་དྲོད་སྲོ་བར་ས་གནས་ཀྱི་གནམ་གཤིས་དང་མཐུན་པར་མ་ཟད། སྐྱེས་པ་ཕོར་ཉམས་རྫིག་སྣང་དང་ཟ་མ་མོར་བག་དང་ལྡན་སྣང་བསྐྱེད། རྟེན་འབྲེལ་བཟང་པོ་སྒྲུབ་པར་སྐྱེས་པ་ཚོས་རྔུལ་ལེན་དང་དོར་མ་ལྭ་བ་ཚང་མ་དཀར་པོ་གྱོན་སྲོལ་ཡོད་ཅིང་དམར་སེར་གྱི་ཁ་དོག་ཅན་རྣམས་དགེ་འདུན་པའི་ན་བཟའི་རིགས་ཞེས་སྐྱ་བོས་གང་མོས་སུ་མི་གྱོན། མི་ལུས་ཀྱི་མཚང་གསང་བ་སྐུང་ཞིང་ངོ་ཚ་ཁྲེལ་དོགས་སེལ་པ་དང་དྲོད་སྲོ་ཞིང་ལུས་སྲུང་བ་དག་གོས་ཀྱི་དགོས་པ་གཙོ་བོར་བཟུང་ལ། བུ་བཟང་པོ་སློག་རལ་ནང་ལ་ཡོད། གྲི་བཟང་པོ་ཀོ་ཤུབས་ནང་དུ་ཡོད་ཅེས་བསམ་པ་བཟང་མི་བཟང་དང་། ཡིད་གཞུངས་དྲང་མི་དྲང་། ཁུར་སེམས་ཆེ་མི་ཆེ། ཁོག་རྒྱ་ཡངས་མི་ཡངས་སོགས་ནང་གི་མཛངས་པ་ལ་ལྟོས་པ་ལས་ཁ་རིས་གོས་མདོག་དང་རྒྱུ་ནོར་ཆེ་ཆུང་ལ་ལྟོས་ནས་མི་ལ་བཟང་ངན་ཁྱད་པར་དང་མཐོ་དམན་རིམ་པ་ཕྱེ་སྲོལ་མེད།
གོས་ཀྱི་རྒྱུ་ཆ་ཕལ་ཆེར་རང་ས་ནས་ཐོན་པ་ཡིན་ཞིང་། ཀོ་ལྤགས་མཉེད་པ། གོས་དྲུབ་པ། ཐག་པ་སླས་སྒྲིལ་རྣམས་ཕོ་ཡིས་བྱེད་ལ། བལ་གསེད་པ་དང་འཁེལ་པ། ཐགས་བཏག་པ་རྣམས་མོ་ཡིས་བྱེད། ཀོ་མཉེད་ཐག་སྒྲིལ་དང་གྱོན་གོས་ཚེམ་དྲུབ་བྱེད་པ་སྐྱེས་པ་ཕོ་ལ་མེད་དུ་མི་རུང་བའི་ལག་རྩལ་ཏེ་ཆུང་དུས་ནས་ཕ་ཡི་རྗེས་སུ་སྦྱངས་པ་དང་། བལ་གསེད་འཁེལ་བཏག་དང་།
བཞོན་གསོ་ཚགས་འཛུད། འོ་མ་འཇོ་བཤིགས་སྐོལ་བསྙལ་དག་ཟ་མ་མོའི་ཡོན་ཏན་ཏེ་ཆུང་དུས་ནས་མའི་གམ་ནས་ལོབ་པར་བྱས་ཡོད། དེ་བས་ཁྱིམ་ཚང་ཕལ་མོ་ཆེར་སྐྱེས་པ་གོས་དྲུབ་ཤེས་མཁན་ཞིག་དང་བུད་མེད་ཐགས་བཏག་ཤེས་མཁན་ཞིག་མེད་པ་མི་སྲིད་ཅིང་ཁྱིམ་མི་ཚོའི་དུས་རྒྱུན་གྱི་མགོ་ཞྭ་གོས་ལྷམ་དཀྱུས་མ་རྣམས་གྱོན་མཁན་གྱི་ལུས་ལ་ཚད་དེ་ཁྱིམ་ཚང་རང་གིས་ཚེམ་དྲུབ་བྱེད་བཞིན་ཡོད་ལ། ཕྲུག་དང་ཚ་རུ་ལྟ་བུ་རྒྱུ་ནོམ་པ་ཅན་གྱི་རྒྱན་གོས་རྩ་ཆེན་གོང་ཆེན་བཟོ་བ་ལ་གྲོང་པོ་སོ་སོ་ན་ཆེད་ལས་མཁས་པའི་ཚེམ་བཟོ་བ་ཡོད་པ་ལ་གླ་སྤྲད་པའམ་ལག་པོད་བྱེད་པར་བརྟེན་ནས་གདན་དྲངས་ཏེ་དྲུབ་ཏུ་བཅུག་པ་ཡིན། གོས་ལུས་ལ་ཤུབས་ལྟར་ཤིན་ཏུ་འབྱར་བ་དང་། ཧ་ཅང་ཐུང་བ། ཏེ་པོར་ཕྲ་བ་སོགས་ནི་རྫིག་ཉམས་དང་སྒེག་ཉམས་དོད་པར་མི་བརྩི་པས་གྱོན་མཁན་སོ་སོའི་མིའི་ལུས་ཚད་ལ་ཤིན་ཏུ་བསྟུན་པ་མི་དགོས་པས། གོས་ཀྱི་སྲིད་དུ་རང་གི་དཀྱིལ་མཐོ་བདུན་གྱི་ཚད། ཐུང་ན་ཕྱེད་བདུན། རིང་ན་བདུན་ལས་ཕྱེད་དམ་གང་གིས་རིང་དགོས་ན་དེ་ལྟ་བྱ། སྲིད་ལ་ཆ་ཇི་ཡོད་རྒྱབ་ཀྱི་མཐའ་ཆ་དེ་དང་མཉམ། དེ་སྟེང་སྔོན་ཐུ་སྟེང་མ་མཐོ་དྲུག། ནང་མ་ལྔ་ཙམ་ཡིན་ཞེས་བཟོ་མཁས་པ་དག་ཟེར། ཕུ་རུང་སྲིད་ཆའི་ཕྱེད་ཆ་ཡིན་ཞེས་པ་བཞིན་ཡུལ་ལུང་པ་ལ་སྤྱིའི་གོས་ཚད་ཀྱི་ཤོ་ལམ་ཡང་ཡོད། གོས་གསར་པ་ཐོག་མར་གྱོན་པའི་སྐབས་ཁ་ནང་ལ་ཟས་ཟ་བཞིན་གྱོན་དགོས། གོས་གྱོན་མ་ཐག་སར་བསྡད་ན་དལ་ཞིང་སོང་ན་བྲེལ་བ་ཆེན་པོ་ཡོད། ལྷམ་ཐོག་མར་གྱོན་དུས་བྱང་ཕྱོགས་སུ་གོམ་པ་བདུན་འགྲོ་དགོས་ཞེས་ས་ཆ་སོ་སོ་ན་ལུགས་སྲོལ་འདྲ་དང་མི་འདྲ་ཡོད་པ་བཞིན་དུ་འདིར་ཡང་མ་གྱོན་གོང་དུ་སྐས་ལ་བསྐོན་ནས་གོས་ཚེ་ཐུང་བར་ཤོག་མི་ཚེ་རིང་བར་ཤོག་ཅེས་སྨོན་ལམ་བཏབ་པ་དང་གོས་གྱོན་མ་ཐག་ཏུ་སྐས་ནས་ཁང་སྟེང་ལ་འཛེགས་ཏེ་ཡ་རབས་གནས་པའི་ཕྱོགས་ལ་བལྟ་བ་དང་། ཞོགས་པ་སྐེ་རགས་ལ་མདུད་པ་ཐེབས་ན་གྲོགས་མདུད་ཡིན་པས་ཞག་གསུམ་བར་མི་བཀྲོལ་བ་དང་། ལྷམ་གྱོན་པའི་ཚེ་ཐོག་མར་ལྷམ་སྒྲོག་ལག་ཏུ་བྱུང་ན་ལེགས་ཞེས་རྟེན་འབྲེལ་བརྟག་པ། ཉིན་གཅིག་ལ་གྱོན་པ་མང་པོ་བརྗེས་ན་གོས་སྐལ་རྫོགས་འགྲོ་ཟེར་བ། བཀའ་དྲིན་ཆེ་བའི་བླ་མ་དང་དགོག་ཏུ་ཕྱིན་པའི་ཕ་མའི་ན་བཟའ་གཡང་རྟེན་དུ་ཉར་བ། གཞན་པའི་ཞྭ་གོས་ལ་བརླ་བགོམ་མི་རྒྱག་པ། རྒྱུས་མེད་མི་དང་གོན་པ་གྱོན་རེས་མི་བྱེད་པ། ཞྭ་མོ་དམའ་སར་དང་ལྷམ་མཐོ་སར་མི་འཇོག་པ་སོགས་ཀྱི་སྲོལ་སྣ་ཚོགས་ཡོད། ཟས་གོས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི་བསོད་ནམས་ཀྱི་སྟོབས་ལས་བྱུང་བར་ཡིད་ཆེས་པས་རྒྱུན་དུ་བསོད་ནམས་བསགས་ཤིང་མི་འཛད་པར་འབད་པ་ལ་ནི་ཤིན་ཏུ་གཙིགས་ཆེན་པོར་བྱེད་དོ།།
རྩོམ་གསར། 10