བུད་མེད་ཀྱི་ལས་དབང་།

ཛམ་བིརྱ།        2023-12-13

དང་པོ།

དགུན་ཟླ་རིང་མོའི་གྲང་ལྷགས་རབ་ཏུ་རྒོད་ཅིང་།ཕྱོགས་བཞིའི་རི་ཀླུང་ཐམས་ཅད་ཀྱང་ཁ་བ་དང་བུ་ཡུག་གིས་བཏུམས་ཡོད།རྒྱུན་དུ་འུར་ཟིང་ཆེ་བའི་གཞུང་ལམ་དུའང་རྐང་གཉིས་ཀྱི་འགྲོ་འོང་རེ་ཞིག་འཇགས། དོན་གྲུབ་ནི་ཁང་ཆུང་གྲུ་བཞིའི་ནང་མེ་ཐབ་ཀྱི་དྲོད་རྩར་བཅར་ཏེ་ཁེར་ལབ་རྒྱག་བཞིན་གཅིག་པུར་བསྡད་འདུག། སྐབས་དེར་གློ་བུར་དུ་པདྨ་ནང་ལ་འཛུལ་ཡོང་སྟེ་ཁ་ནས་ཚིག་གཅིག་ཀྱང་མི་བཤད་པར་ཧད་ནས་བསྡད། སྐབས་དེར་མོ་ལ་གཟུགས་པོར་ཕྲུ་གུ་འཁོར་ཡོད་པའི་རྐྱེན་གྱིས་ལས་གནས་ལས་མ་ཐོན་ཀ་མེད་བྱུང་། མོའི་སེམས་ལ་ལས་ཁུངས་ཀྱི་འགོ་གཙོ་ཚེ་རིང་གི་གདོང་གི་རྣམ་འགྱུར་དང་། ཚེར་མ་ལྟར་རྣོ་བའི་སྐད་ཆ་དེ་དག་ཤར་ཞིང་གདོང་ལའང་ཐང་ཆད་པའི་རྣམ་པ་རིམ་གྱིས་མངོན།སྐབས་དེར་མོའི་བཟའ་ཟླ་དོན་གྲུབ་ཀྱིས་གདོང་ལ་འཛུམ་མདངས་ཀྱིས་ཕྱུག་སྟེ་མོར་བཤད་རྒྱུར།"པདྨ་ཁྱོད་ནང་དུ་འཛུལ་མ་ཐག་ནས་གདོང་ལ་སྐྱོ་སྣང་དེ་འདྲ་ཤར་འདུག་པ་ཅི། ཡང་སྙིང་ག་རེ་བྱས་སོང་།"ཞེས་ཟེར་ཞོར་དུ་ཚ་དམ་ལས་ཆུ་ཁོལ་ཤེལ་དམ་གང་བླུགས་ཏེ་པདྨ་ལ་སྤྲད། པདྨའི་གདོང་ལ་སྔར་བཞིན་སྐྱོ་ངལ་གྱི་ཉམས་དང་བཅས། གང་ཞིག་ལ་འདང་རྒྱག་བཞིན་ཆུ་ཁོལ་ཁམ་གང་བཏུང་རྗེས།"ངའི་ལས་ཀ་དེ་ཤོར་སོང་བ་ནས་བཟུང་ང་བློ་བདེ་བོ་རྩ་བ་ནས་མི་འདུག། ཕྱིན་ཆད་ང་ཚོའི་ཟས་གོས་ཐད་ནས་དཀའ་ངལ་ཆེན་པོ་འབྱུང་བ་སྨོས་མེད་རེད། ད་དུང་ཁང་པ་འདིའི་ཟླ་བ་རེའི་གློག་རིན་དང་ཆུ་རིན་ཆ་ཚང”ཟེར་བཞིན་སྐད་ཆའི་མཇུག་མ་རྫོགས་གོང་ལ། མིག་ཟུང་ལས་མིག་ཆུ་མུ་ཏིག་རྡོག་པོ་ལྟར་གཅིག་རྗེས་གཉིས་མཐུད་ཀྱིས་བཞུར་ཡོང་། སྐབས་དེར་དོན་གྲུབ་ཀྱིས་སེམས་སུ། ད་འདི་ལྟར་བསྡད་ན་མི་ཚེ་འཁྱོལ་དཀའ་བར་འདུག་པས་རང་གིས་ལོ་མང་རིང་ལ་དཀའ་ངལ་ཁྱད་བསད་ཀྱིས་སློབ་གྲྭར་འགྲིམས་པའི་ཤེས་འཇོན་ཅུང་ཙམ་ཡོད་པ་རྣམས།ད་ནི་འཚོ་བ་དངོས་ཀྱི་ལག་ལེན་ལ་བསྟར་རན་འདུག་སྙམ་ཞོར་དུ།པདྨའི་གདོང་གི་མིག་ཆུ་འབྱིད་བཞིན།"པདྨ་ད་ཁྱོད་སེམས་སྐྱོ་མི་དགོས། ང་སང་ཉིན་ནས་ལས་ཀ་བཙལ་བར་འགྲོ་ཆོག རྗེས་སུ་ངས་ཁྱོད་ཀྱི་ཁྲ་ཆུང་མིག་ཀོང་ལས་མུ་ཏིག་གི་ཕྲེང་ཐག་ཆད་དུ་མི་འཇུག། འུ་གཉིས་དཀའ་ཁག་ཆེ་བའི་གནས་ཚུལ་མི་ཉུང་བར་འཕྲད་མྱོང་ཡོད་ལ། ཁྱོད་རང་ལས་གནས་ལས་ཐོན་པའང་ངའི་ཆེད་དུ་ཡིན་པ་ངས་སེམས་ལ་བཟུང་ཡོད། ཁྱོད་སེམས་གཏིང་ན་ང་ལ་བརྩེ་འདང་ག་ཚོད་ཡོད་པ་ངས་མི་ཤེས་པ་ག་ལ་སྲིད། མ་གཞི་མ་འོངས་མི་ཚེ་རིང་ན་ཡང་ངས་ཁྱོད་མ་བུ་གཉིས་ལ་སྡུག་མཐོང་གི་མི་འཇུག་ཁོ་ཐག་ཡིན།ཁྱོད་ཀྱིས་རང་ཉིད་དགའ་བའི་མི་ལ་རེ་བ་དང་ལོ་མང་རིང་གི་བརྩེ་དུང་ལ་ཡིད་ཆེས་བྱེད་རོགས། མ་གཞི་ང་ལ་ད་ལྟ་ལས་ཀ་མེད་ལ་འཇོན་ཐང་ཆེན་པོ་མེད་རུང་། ངས་རང་གི་རྣམ་དཔྱོད་ལ་བརྟེན་ནས་གྲོང་ཁྱེར་འདིར་རྐང་པ་བརྟན་པོར་འཛུགས་ཐུབ་པར་བྱ་ངེས་ཡིན། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས།”ཞེས་ཟེར་ཞོར་པདྨའི་ལག་ཟུང་ལ་འཇུས།

པདྨས་སྐབས་དེར་དགའ་སྐྱོ་འདྲེས་མའི་རྣམ་པ་ཞིག་མིག་ལམ་ནས་གསལ་པོར་མངོན་ཡོང་མོད། འོན་ཀྱང་། མོའི་སེམས་སུ་དོན་གྲུབ་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་ཡིད་གཉིས་ཀྱི་དཔྱངས་ཐག་ད་དུང་ལྷོད་པར་མ་གྱུར་ཏོ།། རྒྱུ་མཚན། ཁོ་གཉིས་དང་ཐོག་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་ངོ་ཤེས་ཤིང་། སྐབས་དེར་འཛིན་གྲྭའི་ནང་གི་བུ་མང་པོས་པདྨ་ལ་རེ་བ་བྱས་ཀྱང་པདྨས་དང་ལེན་མ་བྱས། མོའི་སེམས་སུ་དོན་གྲུབ་ནི་ཕོ་ཉམས་ལྡན་ལ་དུས་རྒྱུན་དྲང་པོའི་ལམ་སྐྱོང་མཁན་གྱི་ཕོ་རབ་ཅིག་དང་། དེ་བཞིན་དུ་མི་ཡ་རབས་ཚུལ་ལྡན་ཞིག་དང་ཡོན་ཏན་དང་ལྡན་པ་ཞིག་མཐོང་བས། མོའི་དྲན་འཛིན་གྱི་རི་མོའི་དབུས་སུ་གསུབ་མེད་ཀྱི་རི་མོ་ཐོག་མ་འགོད་མཁན་དེ་ཡང་དོན་གྲུབ་ཡིན། འོན་ཀྱང་དོན་གྲུབ་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་ཕལ་བའི་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་སློབ་གྲོགས་རྣམས་ཀྱིས་དེ་ཙམ་དགའ་པོ་མི་བྱེད། རྒྱུ་མཚན་ནི། ཁོས་སློབ་གྲྭའི་ནང་ལ་གྲོང་གསེབ་ཏུ་སྡོད་སྐབས་ཀྱི་གོམས་གཤིས་ངན་པ་དང་མ་རབས་ཀྱི་བྱ་སྤྱོད་རྣམས་འཁྱེར་ཡོང་གི་ཡོད་ལ། སྐབས་འགར་རྒན་ལགས་ཁ་ཤས་དང་ཁ་རྩོད་ཀྱང་ཤོར་མྱོང་ཡོད་པས་ཡིན།

གཉིས་པ།

དུས་ཀྱི་འཁོར་མོ་ཆུ་བོའི་རྒྱུན་ལྟར་བཞུད་ཅིང་གློག་འཁྱུག་པ་ལྟར་སྐད་ཅིག་གིས་འདས་པ་ན། རེ་བ་དང་རྨི་ལམ་སྣ་ཚོགས་ཀྱིས་སེམས་པ་མེ་ལྕེ་བཞིན་འཕྱོ་བའི་ཁོ་ཚོ་ཚང་མའང་སློབ་ཆེན་གྱི་འཚོ་བ་དང་ཁ་བྲལ་ལ་ཉེ་ཞིང་། དེ་དང་མཉམ་དུ་ཕྱོགས་གཞན་ཞིག་ནས་བསམ་ན། ཁོ་ཚོ་འུར་ཟིང་ཆེ་བའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་དང་ཡང་གདོང་གཏོད་ལ་ཉེ། བསླེབ་དགོས་པ་ནི་སྔ་འཕྱི་ཙམ་ལས་ངེས་པར་དུ་སླེབས་ཡོང་པ་ཆོས་ཉིད་ཡིན་པས། དུས་ནམ་ཞིག་གི་ཚེ་ན། ཁོ་ཚོ་སློབ་ཐོན་གྱི་དགའ་འཛོམས་སྤྲོ་ཚོགས་ཆེན་མོ་ཞིག་ཏུ་དགའ་སྤྲོའི་དཔལ་ལ་རོལ། སྐབས་དེར་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་བ་ནི་པདྨའི་སེམས་ལ་སོས་རྒྱུ་མེད་པའི་རྨ་ཁ་ཞིག་བཟོས་པ་དེ་རེད། འདུ་འཛོམས་སྐབས་དེར་ཚང་མས་ཆང་དང་ཨ་རག་འཐུང་དྲགས་པས། ཚང་མ་བཟི་ཞིང་རང་མིང་རང་གིས་མི་དྲན་པའི་ཚོད་དུ་གྱུར། དུས་དེར་པདྨས་དོན་གྲུབ་བཟི་བ་མཐོང་ནས་ཁོ་བསྐྱོར་ཏེ་ཉལ་ཁང་དུ་འཁྲིད་གྲབས་བྱེད་སྐབས། དོན་གྲུབ་ཀྱིས་མིག་གཉིས་པདྨ་ལ་འབུར་ཚུགས་སུ་ལྟ་བཞིན་དུ་བཤད་རྒྱུར།"པདྨ། ཁྱོད་ངའི་ཅི་ཞིག་ལ་བལྟས་ནས་དགའ་བ་རེད། ངས་ཁྱོད་ལ་ཚུལ་མིན་གྱི་བྱ་བ་ཞིག་བྱེད་ཚེ་ཁྱོད་ཀྱི་མི་ཚེ་ཕུགས་བསམ་བརླག་ངེས་ཡིན་ལ་མདུན་ལམ་ཡང་མེད་པར་འགྱུར་ངེས་ཡིན།དམའ་འབྲིང་སྐབས་སུ་ངས་རང་ཚོད་མ་ཟིན་པར་སློབ་བུ་ཞིག་གི་མི་ཚེ་དེ་ལྟར་མེད་པར་བཟོས་སོང་། དོན་དེ་ཁྱོད་ཀྱིས་ཤེས་སམ། ཁྱོད་ང་ལ་ཅི་འདྲ་དགའ་ཡང་ང་ཁྱོད་ལ་དེ་ཙམ་དགའ་བའི་ངེས་པ་མེད་ལ་དེ་བས་ཀྱང་ཁྱོད་ནི་ངའི་ལག་གི་རོལ་རྩེད་ཙམ་ཞིག་གོ། རྒྱུ་མཚན་ང་ནི་མི་པྲ་ཚགས་དེ་འདྲ་ཞིག་ཡིན།”དེ་ལྟར་བཤད་མཚམས་སུ་པདྨས་དོན་གྲུབ་ལ་འགྲམ་ལྕག་ཚ་ཐག་ཆོད་པ་གཅིག་གཞུས། དེ་མ་ཐག་དོན་གྲུབ་གློ་བུར་དུ་གཉིད་ལས་སད་པ་ལྟར་པདྨའི་གདོང་ལ་ལྟ་བཞིན་མིག་ནས་མཆི་མ་ཤོར། ཁོ་གཞི་ནས་བཟི་དྭངས་ཏེ་སྔར་གྱི་གནས་ཚུལ་སྐྱུག་བྲོ་བ་དེ་པདྨར་བཤད་ཟིན་པ་ཤེས།སྐབས་དེར། ཁོ་འགྱོད་གདུང་དང་དངངས་སྐྲག་གི་གནས་སུ་ལྷུང་།ཁོས་དེ་དག་རྫུན་ཡིན་ཚུལ་བཤད་ན་འགྲིག་མིན་ལ་བསམ་བློ་མང་པོ་བཏང་རུང་།ཡིད་ཚིམ་ཞིང་གནས་ལུགས་དང་མཐུན་པའི་རྒྱུ་མཚན་ཞིག་ཁོས་རྙེད་མ་སོང་། ཉིན་དུ་མའི་རྗེས་སུ་ཁོ་པདྨའི་ཉལ་ཁང་མདུན་དུ་འོངས་ནས་བསྒུགས་བསྡད། པདྨས་དོན་གྲུབ་མཐོང་མ་ཐག་ཏུ་མ་མཐོང་ཁུལ་བྱས་ནས་ཐད་ཀར་སློབ་ཁང་དུ་སོང་།

དོན་གྲུབ་ཀྱིས་པདྨའི་རྗེས་དེད་དེ་སློབ་ཁང་དུ་འཛུལ། སྐབས་དེར་པདྨ་ཁ་ཕྱིར་འཁོར་ཏེ་དོན་གྲུབ་ལ་“ཁྱོད་ང་འཚོལ་བར་ཡོང་དོན་ཅི། ང་ལ་ཁྱོད་དང་སྐད་ཆ་ཅི་ཡང་བཤད་རྒྱུ་མེད། དེ་བས་རྗེས་སུ་ང་འཚོལ་བར་མ་ཡོང་རོགས།”ཟེར་བཞིན་སློབ་ཁང་ལས་སྒོར་འབུད་གྲབས་བྱས་པ་ན།ཁོ་པདྨའི་ལག་ནས་འཇུས་ཏེ་པདྨ་ལ་“ཁྱོད་ཀྱིས་ང་རང་བཟི་སོང་བའི་སྐད་ཆ་མདོ་མེད་དེ་དག་སེམས་ལ་འཇོག་དོན་ཅི། ངས་ངོ་མ་ཧ་གོ་མ་སོང་།” ཟེར་ནས་མགོ་བོ་ཐུར་དུ་གཡུགས། སྐབས་དེར་པདྨའི་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་དྲག་པོ་ཞིག་སྐྱེས་བཞིན་དེ་མུར་སློབ་ཁང་ནང་ནས་ཐོན། མོས་མགོ་བོ་སྒུར་་བཞིན་སློབ་ཁང་ལས་ཐོན་ཏེ་དཔེ་མཛོད་ཁང་དུ་ཕྱིན། མོའི་སེམས་རྣམ་རྟོག་སྣ་ཚོགས་ཀྱི་དྲ་བར་ཚུད། འོན་ཀྱང་། རང་ཉིད་དོན་གྲུབ་ཀྱིས་བསྟན་པའི་རྣམ་འགྱུར་དེ་དག་སེམས་ལ་འཁོར་ཐེངས་རེར་མིག་མཐར་མཆི་མ་ཕྱུངས། ཕྱི་ཉིན་ཞོགས་པ་པདྨ་ནི་སྔར་བཞིན་སློབ་ཁང་དུ་རང་སྦྱོང་བྱེད་པར་ཕྱིན།

གསུམ་པ།

དེའི་ཉིན་མོར་པདྨ་ལུས་པོ་བདེ་པོ་རང་མེད་པས། མོ་སློབ་ཁང་ལས་ཕྱིར་ཉལ་ཁང་དུ་ལོག་སྟེ་གཅིག་པུར་ཉལ་ཁྲིའི་སྟེང་དུ་རེ་ཞིག་ཧད་ནས་ལུས། ཅུང་ཙམ་གྱི་རྗེས་ལ་མོ་གཉིད་དུ་ཡུར། དུས་ཡུན་ཅུང་མ་འགོར་བར་གཉིད་ལས་སད་ཅིང་། སྐབས་དེར་མོའི་ལུས་པོ་ཡོངས་རྫོགས་ལ་ཚ་བ་བརྒྱབ་ཏེ་རྔུལ་ཆུས་བརླན་ཞིང་མགོ་ཡོམ་འཁོར་བ་ཞིག་བྱུང་འདུག། མོའི་བསམ་པར་རྒན་ལགས་ཀྱི་མདུན་དུ་སོང་ནས་ནད་དགོངས་ཞུ་དགོས་སྙམ་ཡང་། མོའི་ལུས་པོ་ཡོངས་ལ་ཚ་བ་རྒྱས་པའི་ཁར་ལུས་ཀྱི་ཤུགས་ཡོངས་ཟད་ནས་ཉལ་ཁྲི་ལས་ས་ལ་ལྷུངས་ཏེ་དྲན་པ་ཐོར།

སྐབས་དེར་ཏག་ཏག་དོན་གྲུབ་པདྨ་འཚོལ་བར་ཡོང་བ་དང་སྟབས་ཁེལ་བས། དོན་གྲུབ་ཀྱིས་པདྨ་མཐོང་མ་ཐག་ཏུ་མཐོང་འཛིན་ལས་མཆི་མ་ཤོར་ལ་དེ་མུར་ལག་གཉིས་ཀྱིས་པདྨའི་རྒྱབ་གཞུང་ནས་འཇུས་ཏེ་ཐད་ཀར་སྨན་ཁང་གི་ཕྱོགས་སུ་ཚམ་ཚོམ་མེད་པར་བསྐྱོད་དོ།། པདྨ་དྲན་པ་སོས་སྐབས་མོ་ནི་སྨན་ཁང་གི་ཉལ་ཁྲིའི་ཐོག་ཏུ་ལུས་ཡོད་ཅིང་ཉལ་ཁྲིའི་གམ་དུ་དོན་གྲུབ་གཅིག་པུ་ལས་སུ་ཡང་མ་མཆིས་སོ།། དོན་གྲུབ་ནི་རང་གི་ཉལ་ཁྲིའི་འགྲམ་དུ་བྱིས་པ་ཞིག་གཉིད་དུ་ཡུར་བ་ལྟར་གྱི་གཉིད་འདུག་པ་མཐོང་།ཕྱོགས་གང་སར་བལྟས་པས་རང་ཉིད་སྨན་ཁང་དུ་ཡོད་པ་གཞི་ནས་ཧ་གོ། ནད་ཁང་དེར་དོན་གྲུབ་དང་ཁོ་གཉིས་མ་གཏོགས་མི་གཞན་སུ་ཡང་མི་འདུག། མོའི་ལག་གཡས་པར་གནམ་ཁབ་གཅིག་བཏགས་འདུག་ཅིང་གཞོགས་སུ་ད་དུང་སྨན་ཁབ་ཆེན་པོ་གསུམ་ཙམ་གྲ་བསྒྲིགས་ནས་བཞག་འདུག།

སྐབས་དེར་དོན་གྲུབ་གློ་བུར་དུ་རང་འགུལ་གྱིས་གཉིད་ལས་སད་བྱུང་། སྐབས་དེར་དོན་གྲུབ་ནི་གཉིད་ཁུག་ལ་ཉེ་བའི་བྱིས་པ་ཞིག་དང་གཅིག་མཚུངས་ཡིན་པའི་འཆར་སྣང་ཞིག་པདྨའི་སེམས་ལ་འཁོར། ཁོས་བསམ་ཡུལ་ལས་འདས་པ་ཞིག་ལ་པདྨ་ནི་སྔ་ས་ནས་དྲན་པ་སོས་ཚར།སྐབས་དེར་ཁོ་གཉིད་དུ་ཡུར་བར་འདོད་པའི་བྱིས་པའི་གདོང་མདོག་དེ་ཡོངས་སུ་གྱུར་ཏེ་མིག་ཟུང་ལས་རྒྱུ་མཚན་ངེས་པ་མེད་པའི་མིག་ཆུའི་ཐིགས་པ་འགའ་བསྟུད་མར་ས་ལ་ལྷུང་།

ཁོས་པདྨའི་ནད་གཞི་ལ་བསམ་གཞིགས་མ་བྱས་པར་དེ་མུར་ཐད་ཀར་པདྨར་འཐམས་ཏེ།“ད་སྟབས་ཡག་སོང་།ངས་བསམ་པར་ཁྱོད”ཟེར་ནས་གློ་བུར་སྐད་ཆའི་མཚམས་ཆད། སྐབས་དེར་པད་མས་དོན་གྲུབ་ལ་“ང་ན་ཚ་གང་འདྲ་ཞིག་ཕོག་འདུག། ཁྱོད་ཀྱིས་ང་ལ་མགྱོགས་པོར་ཤོད་དང་།”ཟེར་ནས་མིག་ཆུ་རྡོག་པོ་འགའ་ཡང་རེ་རེ་བཞིན་ས་ལྷུང་།དོན་གྲུབ་ཀྱིས“ཁྱོད་ལ་ན་ཚ་ཚབས་ཆེན་པོ་མི་འདུག། འོན་ཀྱང་གནས་སྐབས་སྨན་ཁང་དུ་བསྡད་ནས་ལུས་པོ་གསོ་དགོས་པས་དེའི་རིང་ལ་ཁྱོད་སེམས་ཁྲལ་མི་དགོས། ངས་ལྟ་རྟོག་ཡག་པོ་བྱ་ངེས་ཡིན”ཟེར་ཞིང་། དེ་ལྟར་མོ་སྨན་ཁང་དུ་ཟླ་བ་གཅིག་ལྷག་ཙམ་ལ་ཉལ། སྨན་ཁང་དུ་སྡོད་རིང་མོ་ལ་ལྟ་རྟོག་ཚང་མ་དོན་གྲུབ་ཀྱིས་བྱས་ཤིང་། རིམ་བཞིན་མོའི་ནད་གཞི་དྲག་སྐྱེད་བྱུང་ནས་དུས་ཡུན་རིང་པོ་མ་འགོར་བར་སྨན་ཁང་ནས་ཐོན། དུས་ཀྱི་འཁོར་མོ་འཁོར་ལོ་ལྟར་འཁོར་བས་ཁོང་གཉིས་བར་གྱི་འགལ་ཟླ་དེ་དག་ཀྱང་རིམ་བཞིན་དུ་ཡལ་ནས་ཕན་ཚུན་གྱི་བརྩེ་བ་ནི་འོ་ཆུ་ལྟར་དུ་འདྲེས།

དེ་ལྟར་པད་མའི་སེམས་སུ་སྔར་སློབ་ཆེན་སྐབས་སུ་བྱུང་བའི་གནས་ཚུལ་མང་པོ་ཞིག་ཤར་བཞིན་གདོང་ཁུགས་མིག་ཆུ་དང་བཅས་ཏེ་གྲོང་ཁྱེར་ཚོང་ཁྲོམ་དུ་ཕྱིན། དོན་གྲུབ་ནི་ཁ་བཤད་ཙམ་ལས་དོན་དངོས་ཀྱི་འཇོན་ཐང་ཅི་ཡང་མེད་པས། ཁོ་རྒྱུན་དུ་འགྲོ་ས་ནི་ཨར་ཁང་དང་སྨད་འཚོང་ཁང་ཡིན་མོད། པདྨས་གནས་ཚུལ་དེ་དག་ཅི་ཡང་ཤེས་ཀྱི་མེད།པད་མས་ཟ་མ་ནུས་འཐུང་མ་ནུས་གྱོན་མ་ནུས་པའི་རྔུལ་ཁྲག་ལས་གྲུབ་པའི་དངུལ་དེ་དག་ནི་དོན་གྲུབ་ཨར་ཁང་དང་སྨད་འཚོང་ཁང་དུ་མི་ཚེ་བསྐྱལ་བའི་ལག་ཆ་ཞིག་ཀྱང་ཅི་ལ་མིན།

བཞི་པ།

ཉིན་ཞིག་ལ་དོན་གྲུབ་ཀྱིས་པདྨ་དང་པདྨའི་ཕྲུ་གུ་གཉིས་དང་གཏན་དུ་བྲལ་བར་འདོད་པའི་ཇུས་ངན་སེམས་ལ་བསྒྲིགས་ཏེ། ཐད་ཀར་པདྨ་ལ་སྐྱག་རྫུན་འདི་ལྟར་བཤད“ངས་ལས་ཀ་རྙེད་བྱུང”ཟེར་བཞིན་སྐད་ཅོར་བརྒྱབས། སྐབས་དེར་པདྨའི་གདོང་ཡོངས་ལ་ཟོལ་མེད་ཀྱི་འཛུམ་གྱིས་ཕྱུག་ཅིང་། བདེ་སྐྱིད་ཀྱི་རྨི་ལམ་ཞིག་ཀྱང་ཁ་རོག་གེར་སེམས་སུ་སྦྲུམ་པ་དོན་འགྲུབ་ཀྱིས་ག་ལ་ཤེས། དེ་ནས་ཁོང་གཉིས་མཉམ་དུ་དགོང་ཟས་ལ་རོལ་འགོ་བརྩམས། པདྨས་“དོན་འགྲུབ། ཁྱོད་ཀྱིས་ལས་ཀ་གང་ནས་རྙེད་བྱུང་།”ཞེས་དྲིས་པས་ན་། དོན་འགྲུབ་ཀྱིས་འཛེམ་དོགས་ཙམ་ཡང་མེད་པར།“ང་ཚོའི་ས་གནས་ནས་ཐག་ཧ་ཅང་རིང་བའི་བཟོ་གྲྭ་ཞིག་ཏུ་ཅ་ལག་སྐྱེལ་འདྲེན་གྱི་ལས་ཀ་རག་བྱུང་ལ་ཟླ་བ་རེར་སྒོར་ཉིས་སྟོང་འདུག། འོན་ཀྱང་འུ་གཉིས་གནས་སྐབས་རིང་ཁ་བྲལ་དགོས་པ་བྱུང་འདུག། རྒྱུ་མཚན་། ང་ཕར་འགྲོ་ཚུར་འོང་ལན་མང་བྱེད་མི་ཐུབ་པས་ཁྱོད་ཡོང་ན་འགྲོ་སོང་མང་ཙམ་ལས་མི་འདུག། དེ་བས་ང་ལོ་ཕྱེད་ཙམ་ལ་བཟོ་གྲྭར་གནས་སྤོ་བྱེད་བསམ་གྱིན་འདུག། ཁྱོད་ཀྱིས་ང་ལ་དེ་ཙམ་ལ་འདང་ངེས་ཀྱི་ཆས་ཀ་བསྡུ་སྒྲིག་བྱེད་རོགས། ཁྱོད་རང་སེམས་སྐྱོ་མི་དགོས། མ་གཞི་ང་ཁྱོད་དང་གནས་སྐབས་སུ་ཁ་བྲལ་ཡང་ངའི་སེམས་ནང་དུ་ཁྱོད་དུས་གཏན་དུ་ང་དང་ལྷན་དུ་ཡོད།དེ་བས་ཁྱོད་སེམས་སྐྱོ་མི"དགོས་ཟེར་ནས་ཟླ་འགའ་འགོར་བའི་པདྨས"གལ་ཏེ་ཁྱོད་རང་འདི་ལྟར་སོང་ན། འདི་ག་རེ་བྱེད་དགོས་པ་རེད། ངའི་གྲོད་ཁོག་ནང་གི་ཕྲུ་གུ་དེ་ཡང་སྐྱེ་ལ་ཉེ་ཡོད།ཁྱོད་ལོ་ཕྱེད་ཙམ་རིང་ངེད་མ་བུ་གཉིས་དང་ཁ་བྲལ་ནས་བསྡད་ན། ང་གཅིག་པུས་གང་འདྲ་བྱེད་དགོས་རེད།དེ་བས་བྱིས་པ་བཙས་ཚར་རྗེས་སོང་ནའང་འཕྱི་མི་འདུག་ཨང་།"ཟེར་ནས་རང་གི་གྲོད་ཁོག་ལ་ལྟ་ཙམ་བྱས།སྐབས་དེར། དོན་གྲུབ་ཀྱིས་ངན་གཡོ་ཕྱི་རུ་མངོན་ཏེ་སྐད་ཤུགས་མཐོན་པོས་བཤད་རྒྱུར།"པདྨ། ཁྱོད་སྒེར་སེམས་ཚ་བོ་དེ་འདྲ་གང་རེད། མ་གཞི་ཁྱོད་ལ་ད་ལྟ་གཟུགས་པོར་འཁོར་ཡོད་རེད། ཡིན་ཡང་། ངས་ལས་ཀ་ཡང་མ་བཙལ་བར་ཁྱོད་དང་མཉམ་དུ་ཕྲུ་གུ་དེ་སྐྱེ་རྒྱུར་བསྒུགས་ནས་བསྡད་ན། ང་ཚོ་ནང་མི་ཚོས་ཤི་སྒུག་བརྒྱབ་ནས་འདུག་པ་དང་གཅིག་མཚུངས་མ་རེད་དམ། ད་དུང་ཕྲུ་གུ་སྐྱེས་རྗེས་སློབ་གྲྭར་འགྲོ་དགོས་པས་སློབ་ཡོན་གང་དུ་ཡོད། ཁྱོད་ཀྱིས་ང་ཚོ་མ་འོངས་པའི་འཚོ་བར་བསམ་བློ་བཏང་མྱོང་ངམ།"ཞེས་ང་རྒྱལ་དང་ལྡན་པའི་སྒོ་ནས་དེ་ལྟར་བཤད། སྐབས་དེར་པདྨ་ནི་བདེ་སྐྱིད་ཀྱི་རྨི་ལམ་དང་རེ་བའི་འཇིག་རྟེན་ལས་སླར་ཡང་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ཞིང་། མཆི་མས་མགྲིན་པ་འགགས་ཏེ་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ནུས།།

ཕྱི་ཉིན་ཞོགས་པ་པདྨ་སྔར་བཞིན་ནངས་མོར་ཡར་ལངས་ཏེ། ཞོགས་ཟས་ཟ་རྒྱུ་གྲ་སྒྲིག་བྱས། ཉི་གཞོན་གྱི་ཟེར་མ་ས་གཞིའི་སྒང་ཐོག་ལ་ལྷུང་ཞིང་ཕུགས་འདུན་མི་འདྲ་བའི་མི་ཚོགས་ཀྱང་གཞུང་ལམ་གྱི་གཡས་གཡོན་དུ་ཕར་འགྲོ་ཚུར་འོང་གིས་བྲེལ་ཞིང་རྒྱུ། སྐབས་དེར་དོན་གྲུབ་མལ་ལས་ལངས་ཏེ་ངོ་གདོང་མདོར་བསྡུས་ཙམ་བཀྲུས་ཚར་རྗེས། ཐབ་ཚང་དུ་པདྨས་བཟོས་པའི་ཁ་ལག་བཟའ་བར་བརྩམས། པདྨས་གྲ་རྒྱས་ཤིང་འཐུས་སྒོ་ཚང་བའི་ཞོགས་ཟས་དེས་དོན་གྲུབ་ལ་ཁྱིམ་ཚང་ཆེན་མོ་ཞིག་གི་ཚོར་སྣང་སྟེར།།

སྐབས་དེར་དོན་གྲུབ་ཅུང་ངོ་ཚ་བའི་ཉམས་ཤིག་འདུག་ཀྱང་། པདྨས་དེ་དག་ལ་སྣང་དོགས་མེད་པར་ཐད་ཀར་དོན་གྲུབ་ཀྱི་མདུན་དུ་ཕྱིན་ནས“མགྱོགས་པོར་ཁ་ལག་བཟའ་བར་ཤོག”ཟེར་བཞིན་ཞལ་ངོ་འཛུམ་གྱིས་སྤུད། དོན་གྲུབ་ཀྱིས“པདྨ། དེ་རིང་ཞོགས་ཟས་གྲ་རྒྱས་པོ་དེ་འདྲ་ཅི་རེད།དུས་ཡུན་རིང་པོ་ཞིག་ལ་ཞོགས་ཟས་ཞིམ་པོ་འདི་འདྲ་བཟའ་མ་མྱོང”ཟེར་ནས་ཐད་ཀར་རྐུབ་སྟེགས་ཐོག་ཏུ་བསྡད་དེ་ཞོགས་ཟས་ལ་རོལ། འདི་ནི་པདྨས་ཆེད་དུ་རང་གི་བཟའ་ཟླ་ལ་བཟོས་པའི་ཁ་ལག་ཡིན་ལ། དེ་ནི་སྔར་ཁོ་གཉིས་སློབ་ཆེན་སྐབས་སུ་ཐེངས་གཅིག་ལ་མཉམ་དུ་ཟ་མ་བཟའ་མྱོང་ཡོད། པདྨས་དོན་གྲུབ་ཕྱི་ལ་འགྲོ་རྒྱུའི་བསྐོར་ལ་འགྱུར་བ་རེ་ཨེ་ཡོང་བསམས་ཏེ། སྔར་གྱི་བཟས་མྱོང་པའི་ཞིམ་ཟས་རྣམས་ཡང་བསྐྱར་ཐེངས་གཅིག་བཟོས་པ་རེད། འོན་ཀྱང་དོན་གྲུབ་ནི་འདས་ཟིན་གྱི་ལོ་ཟླ་ལ་ཚོར་སྣང་ཙམ་ཡང་མེད་པར་ཐད་ཀར་ཁ་ལག་རྣམས་བཟས་རྗེས།པདྨ་ལ་“ང་ནི་ད་འགྲོ་ལ་ཉེ་འདུག། ཁྱོད་ཀྱིས་ཁྱིམ་ནང་གི་སྒོར་མོ་ཚང་མ་ཐོན་ཤོག”ཅེས་བཤད།པདྨས།“དོན་གྲུབ། དེ་དག་ངས་སྔ་ས་ནས་གྲ་སྒྲིག་བྱས་ཟིན། འོན་ཀྱང་ཁྱོད་ཀྱིས་ངེད་མ་བུ་གཉིས་ལ་བསམ་བློ་ཞིག་ཐོངས་དང་། ད་ལྟ་ངས་ནི་རང་མགོ་ཡང་ཐོན་ཧ་ཅང་དཀའ། ངས་ཁྱིམ་འདིའི་སྒོར་མོ་ཆ་ཚང་བསྡོམས་ན་སྒོར་བཞི་སྟོང་ཙམ་འདུག་མོད། དེ་ལས་སྒོར་རྡོག་སྟོང་གཅིག་ཕྱིར་འཐེན་རྒྱུར་ཐག་བཅད་ཡོད། རྒྱུ་མཚན། ཁྱོད་ཕྱི་ལ་འགྲོ་ཤས་རིང་ངེད་མ་བུ་གཉིས་ཀྱི་འཚོ་རྟེན་ཙམ་བྱེད་འདོད་པ་ཡིན”ཞེས་ཟེར་བཞིན་འཛུམ་དམུལ་དམུལ་བྱས། སྐད་ཆ་དེ་ཐོས་མ་ཐག་ཏུ་དོན་གྲུབ་ཀྱིས་གདོང་མདོག་ཡོངས་སུ་ལོག་སྟེ་དྲག་པོའི་སྐད་ཀྱིས་བཤད་རྒྱུར།“ཁྱོད་ཀྱིས་སེམས་ལ་དོན་དངོས་སུ་ང་ཕྱིར་གཏོང་འདོད་ཡོད་པ་མ་རེད། དེར་བརྟེན་ཁྱོད་ཀྱིས་སྒོར་མོ་ཡོད་ཚད་ང་ལ་མི་སྟེར་བ་རེད། ཁྱོད་འདི་འདྲ་ཞིག་ཡིན་པ་ཤེས་ན་ང་སྔོན་ནས་ཁྱོད་དང་ཁ་བྲལ་ངེས་ཡིན། ཞབས་འདྲེན་མ།”ཟེར་ནས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ཤིང་། ཐད་ཀར་སྒོར་ཁུག་ལས་སྒོར་མོ་ཆིག་སྟོང་དེ་ཡང་ཁྱེར་ཏེ་ནང་ནས་ཕྱིན། དོན་དམ་པར་ཁོ་ནི་ཉིན་མོ་སྐྱེལ་ས་ཆང་ཁང་།མཚན་མོ་སྐྱེལ་ས་ནང་མ་ཁངKTVཡིན་པས། ཁོས་པདྨའི་ལག་ནས་བཙན་གྱིས་འཁྱེར་བའི་ལག་དངུལ་ཡང་ལྟག་ཆུ་ཆད་ལ་ཉེ་བའི་ཆུ་ཕྲན་བཞིན་ཟད་པར་རྩོམ། སྐབས་དེར་ད་དུང་ཁོ་ལ་ཕྱི་ནས་རྙེད་པའི་ཆུང་མ་གཞན་ཞིག་ཡོད་ལ།ཁོ་པདྨ་དང་ཁ་བྲལ་ནས་ཟླ་བ་གཉིས་མ་འགོར་བར་གོང་དུ་འཁྱེར་བའི་སྒོར་མོ་ཡོངས་རྫོགས་ཟད་དེ། མཐའ་མཇུག་བུད་མེད་དེའི་ཞབས་ཞུའི་ལས་ཀ་ལ་བརྟེན་ནས་བྱུང་བའི་གླ་ཆ་དག་གིས་ཁོ་གཉིས་ཀྱིས་ཉི་མ་འཁྱོལ་ཐབས་ཙམ་བྱེད་དགོས་བྱུང་།

ལྔ་པ།

དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ་ཉིན་ཞག་གི་ཁ་གྲངས་ཇི་ཙམ་ཟད་པ་མི་ཤེས་མོད། པདྨའི་གྲོ་ཁོག་ནང་གི་ཕྲུ་གུ་དེ་ཡང་སྐྱེ་ལ་ཉེ། སྐབས་དེར་ལུས་ཟུངས་ཟད་ཅིང་རེ་ཐག་ཆད་པའི་པདྨ་ནི་ལང་ཚོའི་མཛེས་སྡུག་ཡལ་ཞིང་། བདེ་སྐྱིད་ཀྱི་ཁྱིམ་གཞིས་དང་བྲལ་བས་འུ་ཐུག་ཐབས་ཟད་ངང་། རང་གི་ཁྲེལ་མེད་ཀྱི་ཟླ་བོ་དོན་གྲུབ་འཚོལ་བར་འགྲོ་དགོས་སྙམ་མོད།སྐབས་དེར་མོ་ནི་ལུས་པོ་གཡོ་འགུལ་ཙམ་ཡང་ཤིན་ཏུ་དཀའ་བའི་གནས་སུ་ལྷུང་ཡོད། གལ་ཏེ་མོ་རང་འགྲོ་ཐུབ་པའི་དབང་དུ་བྱས་ཀྱང་། གྲོགས་མེད་གཅིག་པུར་ལུས་པའི་པདྨ་ལ་མཚོན་ན། དངུལ་རྡོག་སྐར་གང་ཡང་མེད་པས་ཅི་བྱ་གཏོལ་མེད་ངང་ལུས་ཡོད། མཐའ་མཇུག་མོས་ཐབས་ཤེས་སྣ་ཚོགས་བེད་སྤྱད་དེ་དོན་གྲུབ་གྱིས་སྔར་བཤད་པའི་ས་གནས་དེར་སླེབས་ཀྱང་།

ས་ཆ་དེར་མི་མེད་ལུང་སྟོང་ཞིག་ལས་ས་ཆ་དེར་བཟོ་གྲྭ་ཞིག་རྩ་བ་ནས་མི་འདུག། སྐབས་དེར་ད་གཟོད་རང་གི་ཟླ་བོ་དེས་རང་ཉིད་ལ་མགོ་སྐོར་བཏང་བ་ཤེས་ཤིང་། ཞེ་སྡང་དང་སྐྱོ་སྣང་རེས་སུ་འཁོར། པདྨའི་མིག་མཐའ་མཆི་མས་ཡོངས་སུ་གང་སྟེ་མདུན་ཕྱོགས་ཀྱི་ཁོར་ཡུག་ཀྱང་རབ་རིབ་ཙམ་དུ་གྱུར། ཞིབ་འདང་ཞིག་བརྒྱབ་ན། དོན་གྲུབ་སོང་ནས་ད་བར་དུ་ཁོའི་གནས་ཚུལ་ཙམ་ཡང་གོ་མ་མྱོང་ལ། ལག་ཡོང་གི་དངུལ་སྒོར་སྐར་གང་ཡང་ངེད་མ་བུ་གཉིས་ལ་བསྐུར་མ་མྱོང་། ད་དུང་དོགས་པ་ཟ་དགོས་བ་ཞིག་ལ་དོན་གྲུབ་སོང་རྗེས་ཁྱིམ་ནང་གི་ཅ་ལག་རྩ་ཆེན་དག་ཀྱང་མཐོང་རྒྱུ་མེད་པར་གྱུར་པ་དེ་རེད། ཕྱིར་འདང་རྒྱག་བཞིན་སྡུག་སྐད་ཀྱིས་རི་ལུང་གང་ཞིང་མིག་ཆུ་ཡིས་རྒྱ་མཚོ་བསྐྱིལ།

དྲུག་པ།

དེ་ལྟར་མི་མེད་ལུང་སྟོང་དེར་ཉམ་ཐག་པའི་སྦྲུམ་མ་ཞིག་འཇིག་རྟེན་གྱི་དཀར་ངོགས་མ་མཐོང་པའི་བུ་ཆུང་དང་ལྷན་དུ་སུས་ཀྱང་མི་ཤེས་པའི་ཁེར་རྐྱང་ཁྲོད་ཁ་རོག་གེར་ལྔ་བའི་ལམ་ལ་ཆས།དུས་དེ་ནས་བཟུང་།མཛེས་སྡུག་གི་རྨི་ལམ་ཞིག་ཡོངས་སུ་སད་པའང་ཡིན་ལ། སྐྱོ་སྡུག་གི་འཚོ་བ་ཞིག་ཀྱང་ཡོངས་སུ་མཇུག་རྫོགས་པའང་ཡིན་སྲིད་དེ་ཉིན་འགའི་རྗེས་སུ་གཞུང་ལམ་སྐྱ་མོའི་ཕར་འགྲམ་དུ་སྦྲུམ་མ་ཞིག་གི་བེམ་རོ་ས་རྡུལ་དང་མལ་དུ་ཉལ་ཡོད་པ་ཀུན་གྱི་མཐོང་ལམ་དུ་མངོན་བྱུང་ངོ་།། 


  • ལེ་ཚན་སྔོན་མ།:དགུན་གཞུང་གི་དྲན་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།