ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱིས་འདེབས་གསོ་ཟུང་དུ་སྦྲེལ་ནས་ཞིང་ལས་འཁོར་སྐྱོད་ལམ་གསར་བཙལ།

ཀུན་དགས་བསྒྱུར།        2023-12-12

ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱིས་འདེབས་གསོ་ཟུང་དུ་སྦྲེལ་ནས་ཞིང་ལས་འཁོར་སྐྱོད་ལམ་གསར་བཙལ།
འདི་ནི་ལི་ཧའེ་ཞིན་གྱིས་བྱ་དེ་གསོ་བཞིན་པའི་གནས་ཚུལ་རེད།

དགུན་སྟོད་ཀྱི་ཉིན་ཞིག་ལ་གསར་འགོད་པ་ལི་ཐང་རྫོང་མོ་ལ་གྲོང་རྡལ་དུ་སྐྱོད་པའི་སྐབས་སུ་སྤྱི་གྲོང་གྲོང་སྡེའི་མཁའ་རླུང་ཁྲོད་ཆང་དྲི་ཞིམ་པོ་ཁྱབ་པ་དང་། ཆུ་འགག་གྲོང་སྡེའི་བྱ་རའི་ནང་ལ་ཀུ་ཀུ་ཞེས་བྱ་སྐད་གྲག་ཅིང་། མཁད་སྐྱ་གྲོང་སྡེའི་གསོ་ཚགས་ར་བའི་ནང་དུ་བོད་ཕག་གིས་གང་ཡོད་པ་མཐོང་།

ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་མོ་ལ་གྲོང་རྡལ་གྱིས་འདེབས་གསོ་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ་འབྲུ་རིགས་ལ་བརྟེན་ནས་ཨ་རག་སྙོལ་བ་དང་། སྦང་མས་བྱ་དེ་དང་ཕག་པ་གསོ་བ། ལྕི་བས་ཞིང་ལུད་སོགས་བྱས་ནས་མཐོ་སྒང་ཁྱད་ཆོས་དེང་རབས་ཞིང་ལས་འབྱུང་འཕྲོད་ཅན་དུ་བསྒྱུར་བ་དང་། འདེབས་འཛུགས་ལས་རིགས་དང་གསོ་ཚགས་ལས་རིགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་བསྐུལ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱས།

ནས་ཆང་མངར་མོའི་དྲི་ཞིམ་ཕྱོགས་ཀུན་འཐུལ།

མོ་ལ་གྲོང་རྡལ་ཡོངས་ཀྱི་ཆ་སྙོམས་མཚོ་འཕགས་སྨི3650ལ་ཟིན་ཞིང་།ནས་དང་ཞོག་ཁོག། སྲན་མ། གྲོ་སོགས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་ལ་འཚམ་པས་ལི་ཐང་རྫོང་གི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཏུ་གྱུར་ཡོད།

དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྲོལ་རྒྱུན་གྱི་ཞིང་ལས་སྐྱེ་དངོས་འདེབས་འཛུགས་སྣ་ཁ་རྐྱང་པ་ཡིན་པ་དང་། ཐོན་སྐྱེད་རྨོ་འདེབས་ཐབས་སྡུག་ཡིན་ལ། ཐོན་འབབ་དང་དཔལ་འབྱོར་ཕན་འབྲས་དམའ་བ། ཞིང་ལས་སྐྱེ་དངོས་བརྔ་བསྡུ་བྱས་རྗེས་ཐོག་མའི་ལས་སྣོན་བྱས་པའི་སྲོལ་རྒྱུན་བཟའ་བཅའ་གཙོ་བོར་བྱས་པ་ལས་ལས་སྣོན་ཞིབ་ཚགས་བྱ་མི་ཐུབ་པ་དང་། ཟུར་སྣོན་རིན་ཐང་མཐོན་པོ་མེད་པའི་རྐྱེན་གྱིས་མོ་ལ་གྲོང་རྡལ་གྱི་ནས་སོགས་ཞིང་ལས་སྐྱེ་དངོས་ཐོན་ལས་འཕེལ་རྒྱས་ལ་དཀའ་གནད་འཕྲད་ཡོད།

2017ལོར་མོ་ལ་གྲོང་རྡལ་སྐལ་སྐྱིད་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡིན་པའི་ལིའུ་ཞ་དང་མེ་ཏོག་བར་སྐད་ཆ་ཤོད་རེས་བྱེད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ལ་བསམ་ཕྱོགས་གསར་པ་མང་པོ་རྙེད་ཡོད། ཅང་མ་འགོར་བར་ནས་ཆང་རྒྱུ་ཆ་བྱས་ཏེ་ལི་ཐང་རྫོང་གླིང་ཆུ་ཨ་རག་བཟོ་གྲྭ་ཚད་ཡོད་སྤྱི་གཉེར་ཁང་དེ་མོ་ལ་གྲོང་རྡལ་དུ་བཙུགས་པ་དང་སྤྱི་གཉེར་ཁང་གི་འགན་འཁུར་བ་ནི་མེ་ཏོག་ཡིན་པ་རེད།

སྤྱི་གཉེར་ཁང་གིས་མོ་ལ་གྲོང་རྡལ་སྤྱི་གྲོང་གྲོང་སྡེར་ཆང་རག་བཟོ་གྲྭ་ཞིག་བཙུགས་པ་དང་མིང་ལ་གླིང་ཆུའི་ནས་ཆང་ཞེས་པའི་ཆང་རག་བཟོས་ཡོད། ཆང་རག་བཟོ་གྲྭས་ཉེ་འགྲམ་གྲོང་སྡེའི་ནང་དུ་ནས་ཉོ་སྒྲུབ་བྱེད་པ་དང་ཆབས་ཅིག་ཆེད་ལས་ཆང་རག་སྙོལ་མཁན་གྱི་ལག་རྩལ་མཛུབ་ཁྲིད་པ་གདན་དྲངས་ཏེ་ནས་ཉོ་སྒྲུབ་དང་། ནས་ཆང་སྙོལ་བཟོ། ཐུམ་སྒྲིལ། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་འབྲེལ་ཐག་དངོས་སུ་བཙུགས་ཡོད།

ཆང་རག་བཟོ་གྲྭའི་ལོ་དྲུག་གི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་མིག་ལྟ་སྐབས་མེ་ཏོག་གིས་ཆང་རག་བཟོ་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་ང་ཚོར་བར་ཆད་མང་པོ་བྱུང་སོང་། སྐབས་དེར། ང་ཚོར་ཉམས་མྱོང་སྤུ་ཙམ་ཡང་མེད་པས་སློབ་སྦྱོང་དང་འཚོལ་ཞིབ།དེ་ནས་ཆང་ཐོན་པའི་བར་གྱི་ལས་དོན་ཚང་མ་སྟབས་བདེ་ཞིག་རྩ་ནས་མིན།འོན་ཀྱང་བརྩོན་འགྲུས་ཅན་ལ་མི་འགྲུབ་གང་ཡང་མེད་ཅེས་པ་ལྟར་མཐར་སྟབས་ལེགས་པ་ཞིག་ལ་གྲུབ་འབྲས་ཡག་པོ་ཐོབ་བྱུང་ཞེས་བཤད། དབུལ་ཐར་འགག་སྒྲོལ་སྲིད་ཇུས་ལག་ལེན་བསྟར་བར་བརྟེན་ནས་མོ་ལ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཆང་རག་བཟོ་གྲྭའི་ཆགས་ཡུལ་འདེམས་པར་རོགས་རམ་ཧུར་ཐག་བྱས་པ་དང་ཆབས་ཅིག་ཉེ་འཁོར་ས་ཁུལ་གྱིས་ནས་ཉོ་སྒྲུབ་བྱ་རྒྱུར་མཐུན་སྦྱོར་བྱས་ཏེ་ཆང་རག་བཟོ་གྲྭའི་མ་བཅོས་རྒྱུ་ཆ་མཁོ་འདོན་བྱ་རྒྱུར་འགན་ལེན་ནུས་ལྡན་བྱས་ཡོད།

མེ་ཏོག་གིས་སྐད་ཆ་བཤད་ཞོར་ང་ཚོ་འཁྲིད་ནས་ཆང་རག་བཟོ་གྲྭའི་ནང་ལྟ་སྐོར་སོང་དུས། རྒྱ་ཁྱོན་སྨི་ངོས་གྲུ2600ལྷག་ཡོད་པའི་ཆང་རག་བཟོ་གྲྭ་དེར་བསྙལ་ཁང་། རླངས་འབེབས་ཁང། གསོག་ཉར་ཁང་། ཐུམ་སྒྲིལ་ཁང་བཅས་ཡོད་པ་དང་།ཆང་རག་བླུག་སྣོད་བཅུ་ཕྲག་ཁ་ཤས་གྲལ་སྟར་འགྲིག་པ་བཞག་འདུག། མེ་ཏོག་གིས་གསར་འགོད་པར་བཟོ་གྲྭས་ལོ་ལྟར་ནས་ཏུན20ལྷག་ཉོ་སྒྲུབ་བྱས་ནས་ཆང་རག་སྙོལ་ཐབས་བྱེད་པ་དང་། ཁག་ཐེངས་རེར་ནས་ཆང་ཏུན15ནས17བར་ཐོན་སྐྱེད་བྱེད་ཀྱི་ཡོད།ཆང་རག་དེ་དག་གཙོ་བོ་ཡུན་ནན་དང་མཚོ་སྔོན་སོགས་ས་གནས་སུ་འཚོང་པ་དང་། དུས་མཉམ་དུ་ཉེ་འཁོར་ཡུལ་གྲོང་དུའང་འཚོང་གིན་ཡོད། ལོ་རེར་ཆང་རག་བཟོ་གྲྭའི་ཁེ་སྤོགས་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་གི་ཡོད་ཅེས་བཤད།

ཆང་རག་བཟོ་གྲྭ་བཙུགས་པ་དེས་ས་གནས་དེ་གའི་ནས་འདེབས་པར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྤྲད་ཡོད་ལ་མོ་ལ་གྲོང་རྡལ་གྱི་ཞིང་འབྲོག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་དང་ཡུལ་སྡེ་དར་རྒྱས་ཡོང་བར་སྒུལ་ནུས་གསར་པ་ཞིག་ཀྱང་བྱིན་ཡོད།

སྦང་མས་བྱ་དེ་གསོ་བའི་ལས་རིགས་སྤེལ།

2022ལོར་ཧུའུ་པེ་ཡི་ཕོ་གསར་ལི་ཧའེ་ཞིན་གྱི་ངོས་ནས་བརྗོད་ན། སྤོབས་པ་ཆེན་པོས་ཚོད་ལྟ་བྱེད་པ་ནི་དོན་ཆེན་ཞིག་ལས་མ་འདས། ཁོས་རང་ཉིད་ཀྱིས་ལོ་མང་རིང་ལ་བསྒྲུབས་ཟིན་པའི་འཛུགས་སྐྲུན་བྱ་གཞག་བསྐྱུར་ནས་ལི་ཐང་རྫོང་གི་དམངས་ཕྱུག་སྐྱེ་ཁམས་བྱ་ཕྱུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་གཞག་རྒྱུར་བྱས།

ཆང་རག་བཟོ་གྲྭ་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྦང་མའང་འབོར་ཆེན་ཐོན་བཞིན་ཡོད། ཆང་རག་སྙོལ་མཁན་གྱི་གྲོས་འགོའི་འོག་མེ་ཏོག་གིས་དེ་གཟན་ཆག་ལ་བརྩིས་ནས་བོད་བྱ་དང་བོད་ཕག་གསོ་ཚགས་བྱ་རྒྱུའི་ཐག་བཅད། ཞིང་ཞོར་ཐོན་རྫས་གསོ་ཚགས་བྱེད་པའི་སྐད་གྲགས་ཆོད་ཚད་ཆེ་རུ་གཏང་ཆེད།མེ་ཏོག་གིས་བརྙན་ཐུང་སྟེགས་བུ་སྣ་ཚོགས་བརྒྱུད་དེ་དྲྭ་རྒྱའི་ཐད་གཏོང་ཚོད་ལྟ་བྱས།

ལི་ཧའེ་ཞིན་གྱིས་ང་ཚོ་འཁྲིད་ནས་མོ་ལ་གྲོང་རྡལ་གྱི་བྱ་དེ་གསོ་སྤེལ་ར་བའི་ཕྱོགས་སུ་འགྲོ་ཞོར། ང་ཚོས་བྱ་དེ་གསོ་ཉར་བྱས་ཡོད་ལ་དེ་དག་ལ་ཆང་རག་བསྙལ་རྗེས་ཀྱི་སྦང་མ་དང་མ་རྨོས་ལོ་ཏོག་སོགས་བྱིན་བཞིན་ཡོད། དེ་ལྟར་གསོས་པའི་བོད་བྱའི་ཤ་ཧ་ཅང་ཞིམ་པོ་དང་། བྲིན་ཁ་རྒྱུག་པ། འཚོང་ཐབས་ལེགས་པ་བཅས་ཡིན་ཞིང་།བྱ་རའི་རྒྱུན་གཏན་གྱི་བཤས་གཏོང་ཚད་ནི་ཆིག་ཁྲི་ཆིག་སྟོང་ཙམ་ཡིན་པ་དང་ད་སྔར་བྱ་དེ7000ཡོད་པའི་ནང་ནས་སྒོ་ང་གཏོང་བའི་བྱ2000ཙམ་ཡོད།ད་ལྟར་གནམ་གཤིས་གྲང་བས་ཉིན་རེར་བྱ་དེའི་སྒོ་ང800ནས1000བར་ཐོན་སྐྱེད་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

ལི་ཧའེ་ཞིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན།ད་སྔར་བྱ་དེ་གསོ་སྤེལ་ར་བས་ལོ་རེར་ཡོང་འབབ་སྒོར་ཁྲི80ཙམ་རག་གི་ཡོད།དེའི་ནང་བོད་བྱ་བཙོངས་པའི་ཁེ་སྤོགས་སྒོར་ཁྲི40ཙམ་ལ་ཟིན་པ་དང་སྒོ་ངའི་ལོ་རེའི་ཁེ་སྤོགས་སྒོར་ཁྲི30ལྷག་ཟིན་གྱི་ཡོད། ལི་ཐང་རྫོང་དམངས་ཕྱུག་སྣོད་བཅུད་བྱ་ཕྱུགས་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གིས་ས་གནས་དེ་གའི་མང་ཚོགས་ལ་ལས་མི་སྤྱོད་རྒྱུར་སྐུལ་ཁྲིད་ཐུབ་པར་མ་ཟད།ལོ་ལྟར་ཆུ་འགག་གྲོང་སྡེར་ཡོང་འབབ་སྒོར་ཁྲི8.5རག་གི་ཡོད།

ཕྱིན་ཆད་ཀྱི་འཆར་འགོད་ཐད་ལི་ཧའེ་ཞིན་གྱིས་གསོ་ཚགས་ར་བ་སྔར་བས་རྒྱས་སྐྲུན་བྱས་ནས་སྒོ་ང་ཁང་དང་སྒོ་རུམ་ཁང་། བྱ་ཕྲུག་གསོ་ཁང།སྐྱེ་ལྡན་ལུད་རྫས་ལས་སྣོན་ཁང་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་བྱ་རྒྱུ་ཡིན་ཞིང་།སྔོན་དཔག་བྱས་ན2024ལོར་བསྐྲུན་ནས་བེད་སྤྱོད་གཏོང་རྒྱུ་དང་སྐབས་དེ་དུས་ཆུ་འགག་གྲོང་སྡེར་ལོ་རེར་ཁེ་སྤོགས་སྒོར་ཁྲི20ལྷག་ཙམ་ཡོང་རྒྱུ་རེད་ཅེས་བཤད།

སྦང་མ་དང་སྨན་རྩྭ་མཉམ་བསྲེས་ཀྱི་གསོ་ཚགས་ཐབས་ལམ་བཏོད།

ཆུ་འགག་གྲོང་སྡེ་དང་བར་ཐག་སྤྱི་ལེ6ཙམ་ལས་མེད་པའི་མཁད་སྐྱ་གྲོང་སྡེའི་ཕག་པ་གསོ་ཚགས་རྟེན་གཞིར་དགུན་དུས་ཉི་མ་ཧ་ཅང་དྲོ། བོད་ཕག970ལྷག་གིས་ཞོགས་ཟས་བཟས་རྗེས་མུའུ1400ལྷག་གི་ནགས་རིའི་ཁྲོད་ནས་ཡར་འགྲོ་མར་རྒྱུག་བྱེད་བཞིན་ཡོད་ལ། བོད་ཕག་དེ་དག་གི་འཚོ་བཅུད་ཟས་རིགས་ནི་སྦང་མ་དང་འབྲུ་རིགས། རྩྭ་སྨན་བཅས་ཡིན།

སྤྱི་གཉེར་ཁང་གི་འགན་འཁུར་བ་མེ་ཏོག་གིས་ང་ཚོས་ཐོག་མར་ཆང་རག་བཟོ་གྲྭའི་ཉེ་འགྲམ་དུ་བོད་ཕག800དང་བྱ་དེ200ལྷག་གསོས་ཡོད། དེ་རྗེས་སུ་ཆང་རག་བཟོ་གྲྭའི་ཨ་རག་སྙོལ་བའི་ཁོར་ཡུག་ལ་ཤུགས་རྐྱེན་མི་ཐེབས་པ་བྱ་ཆེད།མཁད་སྐྱ་གྲོང་སྡེའི་གཉེར་སྐྱོང་ཡག་པོ་མ་བྱུང་བའི་ཕག་པ་གསོ་ཚགས་ར་བ་དང་ཕག་པ་ལྷག་མ200ལྷག་ཚུར་བླངས་ཡོད་ཀྱང2019ལོར་ཕག་ནད་བྱུང་ནས་གཅིག་ཀྱང་མ་ལྷག་པར་གྱུར། དེ་རྗེས་ང་ཚོས་གསོ་ཚགས་ཀྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བྱས་རྗེས་ད་ཆ་ཕག་པ་གསོ་ཚགས་ར་བའི་གཞི་ཁྱོན་མུའུ1400དང་ཕག་པའི་གྲངས་ཀ་སྟོང་ལས་བརྒལ་ཡོད་ཅེས་བཤད།

མེ་ཏོག་གི་སྐད་ཆ་ནི་ཚིག་ཉུང་ལ་དོན་གསལ་བ་ཞིག་ཡོད་མོད། འོན་ཀྱང་མོའི་གདོང་ལས་བོད་ཕག་གསོ་ཚགས་བྱེད་པའི་བརྒྱུད་རིམ་ནི་དཀའ་ཚེགས་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་མངོན་ཡོད། མེ་ཏོག་གིས་བོད་ཕག་གསོ་བའི་གཟན་ཆག་ནང་རམས་རྩ་དང་། སྲད་སེར་སོགས་སྨན་རྩྭ་བསྲེ་རྒྱུ་གཏན་འཁེལ་བྱས་པ་དང་། སྨན་རྩྭ་དེ་དག་གི་ཕན་འབྲས་མངོན་གསལ་དོད་པོ་ཡོད་པ་མཐོང་ཐུབ།2019ལོར་ཕག་ནད་བྱུང་ནས་ད་ལྟའི་བར། ལི་ཐང་རྫོང་དམངས་ཕྱུག་སྐྱེ་ཁམས་ཁྱིམ་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དུ་ཁྱུ་ཚོགས་ཀྱི་ནད་གཞི་གཅིག་ཀྱང་ཐོན་མེད་པ་དང་།བོད་ཕག་གསོ་ཚགས་བྱེད་སྐབས་བོད་བྱ་གསོ་ཚགས་བྱེད་པ་ལྟར་རྒྱུན་གཏན་གྱི་སྲོལ་ལམ་དུ་སྐྱོད་བཞིན་ཡོད། ད་སྔར་བོད་ཕག་གསོ་ཚགས་ཐད་དྲྭ་ཐོག་ནས་མངགས་ཐོ་མང་དུ་བཏང་བ་དང་དྲྭ་ཐོག་ནས་ཕྱིར་ཚོང་བྱ་ཡུལ་གྱིས་ཐད་ཀར་ཚོང་གཉེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ལོ་ལྟར་ཡོང་འབབ་ཁེ་གཙང་སྒོར་ཁྲི80ལྷག་ཡོང་གི་ཡོད།

གཞན་ཡང་།“འདེབས་གསོ་ཟུང་འབྲེལ”གྱི་ཞིང་འབྲོག་ཐོན་ལས“འཁོར་རྒྱུག་རྣམ་པ”འཕེལ་རྒྱས་གཏང་ཆེད།སྤྱི་གཉེར་ཁང་གིས་ད་ཡོད་ཀྱི་ཕན་འབྲས་ཀྱི་རྨང་གཞིའི་ཐོག་འབྲི་གཡག་གསོ་ཚགས་དང་དེ་བཞིན་སྔོ་རྩྭ་འདེབས་འཛུགས་འཚོལ་ཞིབ་ཧུར་ཐག་བྱེད་བཞིན་ཡོད། ད་སྔར་མོ་ལ་གྲོང་རྡལ་དབང་ས་གྲོང་སྡེའི་གཟན་རྩྭ་དང་མ་རྨོས་ལོ་ཏོག་སོགས་མུའུ520ལྷག་བཏབ་པ་དང་འབྲི་གཡག500ལྷག་ཙམ་གསོ་ཚགས་བྱེད་བཞིན་ཡོད།

ཆང་རག་བཟོ་གྲྭས་སྦང་མས་བོད་ཕག་དང་བྱ་དེ་གསོ་བ་དང་།དེ་བཞིན་ནོར་གནག་ལྕི་བས་ཞིང་ལུད་བྱེད་བཞིན་ཡོད།འདི་ལྟར་འདེབས་གསོ་མཉམ་འབྲེལ་གྱི་འཁོར་རྒྱུག་འཕེལ་རྒྱས་ཀྱི་སྐྱེ་ཁམས་གསོ་ཚགས་ལམ་བུ་ཞིག་བདེ་བླག་ངང་བསྐྲུན་ཡོད།

ཡུལ་སྡེ་དར་རྒྱས་གཏང་དགོས་ན་ཐོན་ལས་ནི་གནད་འགག་ཡིན་ཞིང་། མོ་ལ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་ཕྱིན་ཆད་མོ་ལ་གྲོང་རྡལ་གྱིས་ཏང་རྩ་འཛུགས་ཀྱི་ལས་དོན་དང་ཏང་མི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏང་རྒྱུ་ཡིན་ལ ཁོངས་གཏོགས་ཁུལ་དུ་ད་སྔར་ཐོན་ལས་རྨང་གཞིར་བྱས་ནས་ལི་ཐང་མོ་ལའི“འབྲུ་མཛོད”ཀྱི་ལེགས་ཆའི་གནས་བབ་དང་ཟུང་འབྲེལ་གྱིས་ལྗང་མདོག་འདེབས་གསོའི་ཞིང་ལས་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་ཀྱི་སྤུས་ཚད་མུ་མཐུད་དེ་མཐོ་རུ་བཏང་ནས་མོ་ལ་གྲོང་རྡལ་གྱི་ཁྱད་ལྡན་ཞིང་ལས་ལྗང་མདོག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་གཞུང་ལམ་ཅུས་ཀྱིས《2022ལོའི་ཞིང་སྡེའི་གཞུང་ལམ་ཡག་པོ་བཞི》ཡི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་སྐྲུན་པའི་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་ལས། རང་
  • ལེ་ཚན་རྗེས་མ།:ཞེ་ཆགས་འཁོར་བའི་སྨྲེང་གླུ།
  • དོ་སྣང་ཆེ་བའི་རྩོམ།