ལྷ་འཛོམས་ཀྱིས་བསྒྱུར། 2023-12-11
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་11ཚེས་27ཉིན་གྱི་ཕྱི་དྲོ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཕུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། ཆུ་ཚད་མཐོ་པོས་ཕྱི་ཕྱོགས་ལ་སྒོ་མོ་དབྱེ་རྒྱུར་སྐུལ་འདེད་གཏོང་བ་དང་ཕྱི་ཕྱོགས་ཀྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་འཕྲལ་དུ་བསྒྲུབ་དགོས་པའི་ལས་འགན་ཞིག་རེད། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པར་བྱེད་པའི་མཐོ་ཚད་ཀྱི་ཐོག་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱི་བླང་བྱ་དང་འཚམ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་ནུས་ལྡན་གྱི་ཁྲིམས་སྐྱོང་གི་ཆ་རྐྱེན་དང་ཕྱི་ཕྱོགས་ཀྱི་ཁོར་ཡུག་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།
ཝུའུ་ཧན་སློབ་ཆེན་གྱི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ། བློ་མཐུན་ཧོང་ཧུའེ་ཁང་གིས་གནད་དོན་དེའི་ཐད་འགྲེལ་བཤད་བསྐྱོན་གནང་བ་དང་ལས་དོན་གྱི་གྲོས་འགོ་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ལ་ནན་ཏན་ངང་གསན་གནང་བ་མ་ཟད་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་ལ་གསན་གྲུབ་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། བཅའ་ཁྲིམས་ནི་སྤྱི་ཚོགས་ཀྱི་འཚོ་བ་དང་རྒྱལ་ཁབ་སྐྱོང་བའི་ཚད་གཞི་ཞིག་རེད། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ལམ་ལུགས་ནི་རྒྱལ་ཁབ་ཁྲིམས་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གི་རྨང་གཞི་ཞིག་ཀྱང་ཡིན་པས། རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། རྒྱལ་ཁབ་སྟོབས་ཆེར་གཏོང་བ་དང་མི་རིགས་བསྐྱར་དར་གྱི་ལམ་བུ་གསར་པའི་ཐོག་ངེས་པར་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་དེ་བས་དགེ་མཚན་ལྡན་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་རྒྱལ་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་འབྲེལ་བ་ཡོད་པ་དང་། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཕྱི་འབྲེལ་ལས་དོན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བའི་རྩ་བའི་དམིགས་ཡུལ་ནི་ཁྲིམས་སྐྱོང་བྱ་ཐབས་ལ་བརྟེན་ནས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་སྤྱིའི་ཁྲིམས་སྐྱོང་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་བཅས་རེད། ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལམ་བུའི་ཐོག་བསྐྱོད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ནི་ཁྱབ་རྒྱ་ཆེ་ཞིང་མཉམ་འགུལ་རང་བཞིན་ཆེ་བའི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིགས་དང་། ཁྱོན་ཡོངས་ཀྱི་རང་བཞིན་གྱི་འཆར་འགོད། འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་བཅས་རྒྱུན་འཁྱོངས་བྱེད་པ། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་། བཅའ་ཁྲིམས་ཞབས་ཞུ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་གྱི་མཐུན་སྦྱོར་ཆེན་པོའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཁྲིམས་འཛུགས་སྔོན་ལ་སྒྲུབ་པ་དང་། གསར་འཛུགས་དང་། བཟོ་བཅོས་རྒྱག་པ། མེད་པར་བཟོ་བ། གསལ་འགྲེལ་བྱེད་པ་བཅས་མཉམ་དུ་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱུད་ཁོངས་ཆ་ཚང་བའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་ཆགས་པ་བྱེད་དགོས། མཐུན་སྦྱོར་ལས་ཕྱོད་མཐོ་བའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པ་དང་། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་གྱི་ཕན་ནུས་ཆེ་རུ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་འདྲི་གཅོད་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ཞབས་ཞུ་འཕེལ་རྒྱས་ཧུར་ཐག་གཏོང་དགོས་པ་དང་། རྒྱལ་སྤྱིའི་རྩེར་སོན་གྱི་ཁྲུན་གཅོད་ལས་ཁུངས་དང་ཁྲིམས་རོགས་པའི་ལས་གཉེར་ཁང་ཁག་གཅིག་གསར་འཛུགས་བྱེད་དགོས། ཁྲིམས་བསྟར་ཁྲིམས་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཞུང་ཚབ་དོན་གཅོད་སྲུང་སྐྱོང་དང་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཁྲིམས་སྐྱོང་གི་བདེ་འཇགས་སྦྲེལ་ཐག་ཅིག་འཛུགས་དགོས། ཁྲིམས་དང་མཐུན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་སྤྱི་དམངས་དང་ཁེ་ལས་“ཕྱིར་བསྐྱོད་པའི”བརྒྱུད་རིམ་ནང་རང་འགུལ་ངང་ས་གནས་དེ་གའི་བཅའ་ཁྲིམས་ཁྲིམས་སྲོལ་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱེད་པ་དང་། ཁྲིམས་སྐྱོང་དང་སྒྲིག་སྲོལ་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། རང་འགུལ་ངང་རྒྱལ་སྤྱིའི་སྒྲིག་སྲོལ་གཏན་འབེབས་ནང་ཞུགས་ཏེ་རྒྱལ་སྤྱིའི་འབྲེལ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཁྲིམས་བཟང་ལ་བརྟེན་ནས་གོ་ལ་ཧྲིལ་པོ་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རོགས་བྱེད་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཁྲིམས་སྐྱོང་དེ་སྒོ་དབྱེ་དང་མཉམ་དུ་སྤེལ་བ་དང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་ཁྲོད་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཁྲིམས་སྐྱོང་གི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་ཤིག་ཡིན་པས། ཕྱི་གསལ་ནང་གསལ་གྱི་ཕྱི་འབྲེལ་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཕྱི་རྒྱལ་གྱི་མ་རྩའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་སྒྲིག་སྲོལ་རིགས་གཉིས་བེད་སྤྱོད་ཡག་པོ་བྱེད་པ་བཅས་ཀྱིས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་དགོས། རང་འགུལ་ངང་སྦྲེལ་མཐུད་དང་ཚད་གཞི་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་བསྡུ་ལེན་ཧུར་ཐག་བྱེད་པ་དང་། ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་ལམ་སྲོལ་གསར་པ་འཛུགས་དགོས། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ལ་དཔེ་བལྟས་ཏེ་རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་སོགས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་བྱ་ཐབས་ནུས་ལྡན་དང་བྱང་ཆུབ་པའི་ཉམས་མྱོང་དུས་ཐོག་ཏུ་བཅའ་ཁྲིམས་སུ་བསྒྱུར་ཏེ། སྒོ་དབྱེའི་བང་རིམ་སྔར་ལས་མཐོ་བ་དང་། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པ། ཁྱབ་འགྱེད་ནུས་པ་སྔར་ལས་ཆེ་བ་བཅས་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གཏོད་དགོས། སྒོ་དབྱེའི་བདེ་འཇགས་ནུས་པར་ཁྲིམས་ལྟར་སྲུང་སྐྱོབ་བྱ་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས། ཕྱི་རྒྱལ་བ་ཀྲུང་གོར་འཚོ་བ་སྐྱེལ་བའི་སྟབས་བདེའི་ཞབས་ཞུ་བྱ་ཐབས་དང་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཆེད་ལས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀུན་སྤྱོད་བཟང་པོར་བརྟེན་ནས་མི་གསོ་སྐྱོང་དང་། ཀུན་སྤྱོད་དང་བཅའ་ཁྲིམས་གལ་ཆེ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས། རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་ལུགས་རིག་པའི་སློབ་གསོ་ལེགས་པར་གཉེར་བ། ལག་ལེན་ཁྲིད་ཕྱོགས་སུ་འཛིན་པའི་གསོ་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་བ། རྒྱལ་སྤྱིའི་སྒྲིག་སྲོལ་ཁོང་དུ་ཆུད་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་ཀྱི་ལས་དོན་བྱང་ཆུབ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་ཁག་ཅིག་སྔ་ཙམ་ནས་གསོ་སྐྱོང་བྱེད་དགོས། ཤེས་ལྡན་མི་སྣ་ནང་འདྲེན་དང་། གདམ་གསེས། བཀོལ་སྤྱོད། དོ་དམ་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཤེས་ལྡན་མི་སྣ་རྩེ་གྲ་གསོ་སྐྱོང་དང་གསོག་འཇོག་ཡག་པོ་བྱ་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་བྱེད་པའི་དཔུང་ཁག་གི་ཁྲིམས་སྐྱོང་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་ཀའི་དཔུང་ཁག་ཅིག་གཏོད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་བཅའ་ཁྲིམས་ལ་བརྩི་འཇོག་དང་། བཅའ་ཁྲིམས་སློབ་སྦྱོང་། བཅའ་ཁྲིམས་སྲུང་བ། བཅའ་ཁྲིམས་བེད་སྤྱོད་བཅས་བྱས་ནས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་ལྟར་ལས་དོན་སྒྲུབ་པའི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཁྲིམས་སྐྱོང་གི་བློ་སྤོབས་བརྟན་དུ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་འདུ་ཤེས་དང་། འདོད་ཚུལ་དང་ལེགས་གྲུབ་ལྡན་པའི་ལག་ལེན་ལ་གསལ་འགྲེལ་ཡག་པོ་བརྒྱབ་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་བརྗོད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གཞུང་ལུགས་དང་ལག་ལེན་མདུན་གྲལ་གྱི་ཞིབ་འཇུག་བྱ་གཞིར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གཞུང་ལུགས་ཀྱི་མ་ལག་དང་གཏམ་བཤད་མ་ལག་བཙུགས་ཏེ། རང་རྒྱལ་གྱི་ཁྲིམས་སྐྱོང་རྒྱལ་ཁབ་ཆེན་པོ་དང་ཤེས་དཔལ་ལྡན་པའི་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པར་བྱ་དགོས། ཀྲུང་ཧྭའི་བཅའ་ཁྲིམས་མ་ལག་ལ་ལོ་རྒྱུས་རིང་པོ་ལྡན་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་ལ་ཁྲིམས་སྐྱོང་བསམ་བློ་ཕུན་སུམ་ཚོགས་པོ་དང་ཆབ་སྲིད་ཀྱི་བློ་གྲོས་ཟབ་མོ་ལྡན་ཡོད་པས། ཀྲུང་ཧྭའི་རིག་གནས་ཀྱི་མཆོག་ནོར་ཞིག་རེད། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་གསར་གཏོད་རང་བཞིན་གྱི་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭའི་ཁྲིམས་སྐྱོང་ཤེས་དཔལ་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཡོང་བ་བྱ་དགོས་ཞེས་བསྟན་འདུག །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10