ཁམས་ཟླ་སྲས། 2023-12-12
བརྩེ་སེམས་དར་གྱིས་དཀྲིས་པའི་འཇའ་ཚོན་རིང་མོ། །
ཞེ་འདང་འོད་ཀྱི་ཕུ་ཐག་མཁའ་ལ་ཡལ་ཏེ། །
དགུང་སྔོན་མཐོན་པོ་དབྱིངས་ཀྱི་གུར་ཁང་དེ་རུ། །
དྲི་བྲལ་དབྱངས་ཀྱི་ངག་རིག་འཛུམ་པར་ལྟོས་དང་། །
ཕྱིར་དྲན་ཚིག་གི་བསླས་པའི་མགུར་ལ་ཉན་དུས། །
མཛའ་གཅུགས་ཡིད་ཀྱི་གམ་དུ་དྲན་པ་མང་ཡོང་། །
མི་རིང་མཁའ་ལ་ཡལ་བའི་རྒོད་པོ་ཁྱེར་རྐྱང་། །
ཆུང་ནས་འདྲིས་པའི་ན་མཉམ་སྤུན་གྱི་རྟེན་ཡིན། །
རེ་དོགས་རླབས་ཀྱི་མཚོ་མོ་དར་ལ་འདྲེས་དུས། །
ཞེ་འདང་དབྱངས་ཀྱི་ཚོར་འདུ་གཙང་པོར་འཁྲིས་ཡོང་། །
མི་སེམས་སྡུག་ཡུས་སྐྱེན་པོའི་མཐོང་སྣང་དྲན་དུས། །
མི་ཚེ་སྙིང་པོ་མེད་པའི་སྣང་བ་ཚེས་ཡོང་། །
ཞེ་ཆགས་འཇའ་རིས་མངའ་བའི་ཚོར་དབྱངས་འཐེན་དུས། །
མ་ངེས་འཁོར་བའི་སྐྱིད་སྡུག་གླུ་རུ་འགུགས་དུས། །
འཆར་ཡན་རྟོགས་པའི་ཁ་དོག་ཚིག་ལ་དྲངས་ཏེ། །
དམངས་གླུ་ཆུ་མོ་དགུ་སྒྲིལ་སུ་ལ་བསྟར་རམ། །
འཁོར་འདས་མྱ་ངམ་ཐང་གི་སྨྲེ་ངག་འདོན་དུས། །
དབྱངས་རིག་ཚིག་གི་སྒྱུ་རྩལ་མཁའ་ལ་དྲངས་དུས། །
ལྷོ་ནུབ་ཁྲུང་ཁྲུང་དཀར་མོའི་གཤོག་པ་བརྐྱངས་ཏེ། །
ཁྲེལ་གཞུང་ལས་ཀྱི་མེ་ལོང་རང་ཤར་ཡིན་སྐད། །
བརྩེ་ཆེན་ཟླ་བའི་རང་མདངས་མཁའ་རུ་ཚེས་དུས། །
དུང་མདོག་འོད་ཀྱི་ཐེམ་སྐས་དབྱིངས་ནས་འཆར་དུས། །
མ་ངེས་འཁོར་བའི་རྨི་ལམ་སེམས་སུ་དྲན་དུས། །
བསམ་ཞིང་ངུ་མ་དགོད་ཀྱི་སྣང་བརྙན་སྟོན་ཡོང་། །
འདུ་བྲལ་ལས་ཀྱི་རང་གཟུགས་རང་ཐོག་སྨིན་དུས། །
ཆོས་རིག་དབྱངས་ཀྱི་མགུར་མ་ངག་ནས་འཐེན་ཡོང་། །
འཚོ་གནས་རྨི་ལམ་ཞིང་གི་སྣང་བ་འདི་གའི། །
མཐའ་མེད་འཁོར་བར་སྙིང་པོ་མེད་པ་ལོས་ཤེས། །
ཟླ་བ་མཁའ་རུ་ཚེས་དུས་དྲན་པ་སྨྲེང་ཡོང་། །
ཉི་མ་ཤར་ནས་འཆར་དུས་སེམས་པ་གཉོམ་ཡོང་། །
གནམ་སྔོན་ཞུན་མ་འཁྱིལ་བའི་སེམས་ཀྱི་འཁྲིས་སུ། །
སྤྲིན་དཀར་མེ་ཏོག་རྒྱུ་བའི་ལས་ལ་གཟིགས་དང་། །
ཚིག་གིས་རྫུན་བག་ཁྲབ་པའི་དོན་དག་མི་འདུག །
དོན་གྱི་བསླུ་བྲིད་གཏོང་བའི་ལས་ཏེ་དགོས་མེད། །
བཅོས་མིན་བརྩེ་བའི་རང་མདངས་ངོ་མ་ཡོད་ན། །
ཞེ་སེམས་གཏིང་གི་དྲན་པ་ཁྱེད་རང་བྱེད་ཆོག །
གསར་ཚེས་ཉི་མའི་འོད་ཕུང་གང་ལ་ཕེབས་རྒྱུ། །
ཁྲེལ་གཞུང་བྱམས་པའི་གཤིས་སུ་མཚོན་པ་བྱེད་ཆོག །
གནམ་སྔོན་དཔྱིད་ཀའི་མེ་ཏོག་ཐོག་མར་མཆེད་དུས། །
སླར་ཡང་ཁྱེད་ལ་འཁོར་བའི་མཐོང་སྣང་ཟབ་མོ། །
ཚོར་བ་ཚོར་བའི་སྣང་བ་དབྱངས་ལ་དྲངས་ཏེ། །
ངག་རིག་ངག་གི་གཤོག་རྩལ་མཁའ་ལ་སྤུར་ཏེ། །
ཕལ་བ་ཕལ་བའི་རང་གཤིས་མཚར་པོ་མི་འདུག །
རང་ཉིད་རང་གི་གཉོར་སྐྱོངས་བྱེད་ལ་ཐུག་འདུག །
ནང་སེམས་ཚོར་བའི་ཆགས་སྡང་འཛད་པ་མེད་ན། །
ཚིག་གི་མེ་ཏོག་བཀྲམ་པའི་ཐ་སྙད་མི་རྨོངས། །
རེ་དོགས་འཁོར་བའི་འཁྲིས་སུ་སློང་བར་བསམ་ན། །
མིག་ཟུང་མཆི་མས་བརླན་པའི་སྣང་བས་ཅི་བྱེད། །
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10