དཀར་མཛེས་ཁུལ་གྱི“9·5”ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2023-12-13

སྤྱི་ཟླ12པའི་ཚེས6ཉིན་ལ། དཀར་མཛེས་ཁུལ་གྱི“9·5”ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་ཨུ་ཡོན་ལྷན་གྱི་མང་ཚོགས་ལས་དོན་ཚོ་ཆུང་གི་ལས་དོན་ཚོགས་འདུ་ལྕགས་ཟམ་རྫོང་དུ་འཚོགས་ཤིང་། ཚོགས་འདུར་ཁུལ་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། ད་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་དེ་ཉེ་དུས་ཀྱི་ལས་ཀར་བཀོད་སྒྲིག་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཚན་ཁག་གི་ཧྲུའུ་ཅི། ཁུལ་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། མང་ཚོགས་ལས་དོན་ཚོ་ཆུང་གི་ཚོ་དཔོན་ལེ་ཅན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་བ་རེད།

ལེ་ཅན་ཕིང་གིས་དུས་དང་རྣམ་པ་ཀུན་ཏུ་རྒྱུན་སྲིང་ལྷོད་མེད་ངང་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། མང་ཚོགས་ལས་དོན་ནི་ཏང་དང་སྲིད་གཞུང་དང་གནོད་འཚེ་ཕོག་ཁུལ་མང་ཚོགས་བར་གྱི་འོ་ཆུ་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་པས། ངེས་པར་དུ་མང་ཚོགས་ཀྱི་ལྟ་བ་བརྟན་པོ་བཅངས་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མང་ཚོགས་ཀྱི་ཕྱོགས་ནས་འགོ་བཙུགས་ཏེ་གནད་དོན་ལ་བསམ་བློ་གཏོང་བ་དང་གྲོས་འགོ་འདོན་པ། མང་ཚོགས་བློ་ཡིད་ཚིམ་མིན་དང་ཁས་ལེན་མིན་བཅས་ལས་ཀའི་འགོ་རྩོམ་ས་དང་དམིགས་སར་འཛིན་དགོས། ཆབ་སྲིད་ཀྱི་ཚད་གཞི་དང་བསམ་བློའི་ཚད་གཞི། བྱ་སྤྱོད་ཀྱི་ཞིབ་བསྡུར་བཅས་ཀྱི་ཁྲོད་མི་དམངས་གཙིགས་སུ་འཛིན་པའི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་དང་ཟུང་འབྲེལ་བྱས་ཏེ། གནོད་འཚེ་ཐེབས་ཡུལ་མང་ཚོགས་ཀྱི་སྡོད་ཁང་དང་སློབ་གསོ། སྨན་བཅོས་སོགས་ཐད་ཀྱི་དངོས་ཡོད་དཀའ་ངལ་འཚོལ་བསྡུ་དང་རྒྱུས་ལོན་བྱེད་པ་དང་། མང་ཚོགས་ཀྱི་ལུགས་མཐུན་རེ་ཞུ་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱེད་པ། ཐབས་བརྒྱ་ཇུས་སྟོང་ངང་དམངས་འཚོའི་དགོས་མཁོ་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

ལེ་ཅན་ཕིང་གིས་དུང་དཀར་ལུང་པའི་ལྗོངས་ཁུལ་སྒོ་ཕྱེ་བའི་སྐབས་ལ་དམིགས་ཏེ། ཉེན་མེད་འགན་ལེན་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་། དྲིལ་བསྒྲགས་ཁྲིད་སྟོན་བྱ་རྒྱུ་གཙོ་གནད་དུ་འཛིན་པ། འགལ་བ་སྔོན་འགོག་བྱ་རྒྱུ་རྒྱུན་གཏན་དུ་དམ་འཛིན་བྱས་ནས་མང་ཚོགས་ཀྱི་ལས་དོན་ལ་རྨང་གཞི་འདིང་དགོས། གཞི་རིམ་དུ་སྐྱོད་དགོས་པའི་བཞི་ལག་བསྟར་བཏང་ནས་ལོ་མཇུག་ལས་གཞིའི་ཆད་དངུལ་དང་དམངས་ཁྲོད་ཀྱི་རྩོད་གཞི་གྲལ་བཤེར་འདུམ་གཅོད། གཅིག་གྱུར་ཐོག་སྡོད་ཁང་སྐྲུན་པའི་རང་གྲབས་མ་དངུལ་བསྡུ་ལེན་བཅས་ལག་ལེན་བསྟར་ནས། གནོད་ཁུལ་དང་འབྲེལ་བ་ཡོད་པའི་འགལ་བ་སྣ་ཚོགས་བསྡུ་རུབ་དང་བརྟག་དཔྱད། ཐག་གཅོད་འོས་འཚམ་བྱ་དགོས། གོང་འོག་མཉམ་འགུལ་ལ་ཤུགས་བརྒྱབ་ནས་སྒྲིག་འཛུགས་མཐུན་སྦྱོར་ཡག་པོ་བྱེད་པ་དང་། ཁྲིམས་སྐྱོང་གི་བསམ་གཞིག་རྒྱུན་འཁྱོངས་ཏེ། སེམས་ཁུར་དང་རོགས་སྐྱོར་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་གནོད་འཚེ་ཐེབས་ཡུལ་མང་ཚོགས་དྲོ་སྐྱིད་ལྡན་པའི་ངང་དགུན་ཡོལ་ཐུབ་པ་དང་། སྤྲོ་སྣང་ངང་དུས་ཆེན་གཏོང་ཐུབ་པར་འགན་ལེན་བྱ་དགོས་ཤིང་། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས་ལས་འགན་ཁག་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:ཞེ་ཆགས་འཁོར་བའི་སྨྲེང་གླུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས2023ལོའི་ཉེན་མེད་འཛུགས་སྐྱོང་དང་ལས་དོན་གཙོ་བོའི་འཆར་ཅན་ཚོགས་འདུ་ཐེངས་དགུ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།