སྙིང་གི་ཟེགས་མ་ནག་མོ།

དབྱངས་ཞི་བ།        2023-12-22

ཁ་མ་ཆར་ཞིག་འབབ་ཀྱིན་འབབ་ཀྱིན་ངས་སྔོན་གྱི་དུས་ཚིག་གཅིག་ཡིད་ནས་དབང་མེད་དུ་དྲན་བྱུང་ལ། ད་དུང་དུས་ཚིགས་དེ་ཡི་རི་མོ་དཀར་དམར་གྱི་མཚོན་མདངས་ཀྱང་ཡིད་ལ་ཨ་ལེ་ཨ་ལེ་འཁོར་འདུག་པ་འདྲ།གང་ལྟར། དྲན་པའི་ཟུར་ཙམ་ཡིག་ནོར་དང་བཅས་ཁྱོད་དང་ང་ཡི་མིག་མདུན་དུ་བཀོད་ན། འཛིན་གྲྭ་དྲུག་པའི་འཛིན་སྒོ་ནས་ངས་ནམ་རྒྱུན་ཅི་ཡང་མི་བཤད་པར་སྒུག་བཞིན་ཡོད་པ་ནི། ཁྱོད་རང་ཡིན་པ་སུས་ཀྱང་རྟོགས་མེད་ལ།མཐའ་ན་ཕ་ཡུལ་དང་སྡེ་བ་ཡུལ་ཚོ་གཅིག་པའི་ཤ་ཉེ་སེང་གེ་ཡིས་ཀྱང་ཤེས་མེད།འདི་ནི་ང་ལ་མཚོན་ན་གསང་བ་ཞིག་བཤད་ནའང་འགྲིག་ས་རེད། ངས་ནམ་རྒྱུན་གསང་བ་ནི་གཞན་ལ་བཤད་མི་ཉན་པ་ཞིག་ཡིན་པར་སྣང་གི་ཡོད།དེ་ནི་“སྔོན་ཆད་ཅིག་ལ་གཞི་རིམ་སློབ་གྲྭའི་ནང་ནས་འཕྲིན་ཡིག་ཅིག་གི་དོན་དག་ཅིག་ཡིན། ངའི་ཤ་ཉེ་སེང་གེ་ཡིས་ཁོ་བོ་ཚེ་དབང་ཟེར་བའི་བུ་མོ་དེ་དགའ་བས་འཕྲིན་ཡིག་ཞིག་བསྐུར་དགོས་འདུག་ལབ། ངས་བཤད་པར་འུ་གཉིས་ནི་ས་ཐག་རིང་པོའི་མི་རེད་ངོ་ཤེས་ཀྱང་ཡིད་གཏད་ཆོག་ས་དཀོན་པོ་ཡིན་པའི་མ་བསྐུར་ན་འགྲིག་ཟེར་བ་ཡིན།ཁོས་སྐྱོན་མ་རེད་ང་ལ་ངོ་ཤེས་ཆེན་པོ་ཡོད་ཟེར།དེ་ནས་ངས་རོགས་བྱས་ཏེ་ཁོ་ལ་འབྲི་རོགས་བྱས་ལ། ཁོའི་ངོ་ཤེས་དེ་ལ་བསྐུར་ནས་ཚེ་དབང་ལག་ཏུ་འཕྲོད་སོང་ཟེར།དེ་རྗེས་ཉིན་འགའ་ཡི་འཕྲོ་ནས་ངོ་ཤེས་དེ་དང་ཁོ་གཉིས་འཛིང་རེས་བྱས་ནས་འཕྲིན་ཡིག་གི་དོན་དག་གླེང་པས་དོན་དག་བློ་ཡུལ་ལ་མ་ཤོང་བ་བྱུང་རྗེས།” ངས་གྲོགས་པོ་ལའང་བཤད་མི་ཉན་པ་དྲན་སོང་། གསང་བ་ནི་གསང་བ་རེད་ཚང་མ་ལ་གསང་དགོས་པ་ཞིག་ཅི་ལ་མིན།

དེ་རྗེས་ང་དང་ཁྱོད་གཉིས་ངོ་འཕྲད་པ་བརྩེ་དུང་ཐིམས་པའི་ལོ་ཟླའི་རི་བོ་ཡང་རླུང་འཁོར་བ་ཙམ་གྱི་ཚོར་སྣང་ལས་ཅི་ཡང་མ་མཆིས། དྲན་པའི་ཟུར་ལ་ཡིག་ལམ་ནས་དེ་ཙམ་མི་བདེ་བར་སྣང་། སྙིང་ཆུང་དམར་པོ། སེམས་ཀྱི་ངོ་བོ་ཉིད་ཁྱོད་རང་དང་འདྲེས་ཡོད་ཅེས་ལབ་ན་སུ་ལ་ཡང་ཡིད་ཆེས་མི་སྲིད་མོད། འོན་ཏང་། སེམས་ལས་ཁྱོད་བརྗེད་མ་མྱོང་པར་གནས་ཡོད་པ་གནམ་རྒན་མ་དང་ངེད་གཉིས་བདེན་དཔང་ཡོད་ལ་གསང་བ་ཡང་ཁྱོད་དང་ང་ལས་སུས་ཀྱང་མི་ཤེས་པ་ཤཱཀྱ་ཐུབ་པ་གཙུག་ཏུ་བཞག་ནའང་ཆོག། ཟེགས་མ་ནག་མོ་ནམ་ཡང་སེམས་སུ་ཉར་ཡོད། མགོ་ཡི་སྐྲ་དཀར་པོ་དང་ཁ་ཡི་སོ་སེར་པོ་མ་རེད་བར་སེམས་སུ་བསྙལ་ནས་འདུག།



  • ལེ་ཚན་སྔོན་མ།:སྐལ་བཟང་སྐྱིད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།