བརྩེ་དུང་ཟེར་བ་དཀའ་མོ་ཞིག།

དྲང་མདའ།        2023-12-22

དགུང་གི་ཟླ་བ་ཁེར་རྐྱང་འཛུམ་མཐོང་ན། །

བརྒྱ་ཕྲག་རི་ཆུས་བཅད་པའི་ཕར་ངོགས་ཀྱི། །

སྙིང་སྡུག་ཡིད་ལ་དྲན་པའི་གདུང་བ་དེ། །

ཆང་དཀར་རྔུབ་བཞིན་ངག་ནས་བརྡོལ་ན་འདོད། །

ཤིན་ཏུ་དུང་བའི་མེ་ཏོག་སད་ཀྱིས་བཅོམ། །

དྲན་གདུང་སེམས་ཀྱི་ལོ་མ་རླུང་ལ་ཁུར། །

བདག་སྙིང་འབེན་གྱི་རི་བོ་དགའ་བའི་མིའི། །

མདའ་མོ་འཁོར་སྟངས་ཤིག་གིས་རྩ་ནས་གཏོར། །

འཛུམ་ཞལ་ཟླ་བ་དྲན་པའི་མཁའ་རུ་འཆར། །

ཞེན་ཆགས་གཙང་པོ་སེམས་ཀྱི་མཚོ་མོར་བཞུར། །

ལས་ཀྱིས་གནང་བའི་སྙིང་གི་གཅེས་ལོ་ལ། །

དགའ་བའི་ལོ་ངོ་དུ་མ་རྫོགས་ནས་ཐལ། །

གཅེས་པའི་སྙིང་གཏམ་ལབ་ལ་ཁྱོད་རང་དགའ། །

འདང་བརྩེ་དབྱངས་སུ་བསྟར་བར་ང་རང་དགའ། །

དགའ་བ་གཉིས་ཀྱི་བར་ནས་ཉིན་མཚན་གྱི། །

དུས་ཚོད་འཁོར་ལོ་རྫོགས་པ་ཐེངས་གཅིག་མིན། །

ཞེ་འདང་རྒྱ་མཚོའི་རྔམ་བཞིན་ཧ་ཅང་ཟབ། །

སྙིང་གཏམ་གངས་ཀྱི་ཆུ་བཞིན་ཤིན་ཏུ་གཙང་། །

འཁོར་བའི་མགྲོན་པོ་ཡིན་ཡང་ལས་ཀྱི་གྲོགས། །

མི་ཚེ་ཐུང་ཐུང་སེམས་ཟུང་མཐུན་ན་ཆོག །

མངོན་ནས་ང་ལ་དགའ་ཞེས་མང་དུ་ལབ་ཀྱང་། །

ལྐོག་ནས་གང་ལ་དགའ་བའི་རྣམ་པ་མཆིས་ཤིང་། །

ས་ནས་གནམ་ལ་འཕུར་འདྲའི་དཀའ་ངལ་ཆེ་བ། །

སེམས་ཀྱི་མི་ཞིག་འཐོབ་པ་དངོས་གནས་དཀའ་ཁུ། །

དགའ་དང་གཅེས་ལ་དྲན་པ་དྲན་ཁོ་ཡིན་ཞེས། །

རྣ་བའི་བུ་གར་ཐེངས་མང་ཇི་ལྟར་ལབ་ཀྱང་། །

དོན་ལ་ཁ་པར་སྐུད་ལམ་ཙམ་ཡང་མི་གཡོར། །

འདིས་ཀྱང་དུང་ཞེན་ཆེ་མིན་བརྡ་ཞིག་སྤྲད་སོང་། །

ཕར་ལ་དགའ་ཡང་ཚུར་ལ་མི་དགའ་བ། །

ཚུར་ལ་དགའ་ཡང་ཕར་ལ་མི་ཞེན་པའི། །

ཕོ་མོ་ཕན་ཚུན་དགའ་བའི་གསང་བ་དེ། །

མྱོང་ན་མ་གཏོགས་ཤེས་པའི་སྐལ་བ་དབེན། །

ཕར་ལ་དགའ་ཞིང་གཅེས་པའི་མི་ཡིས་ཀྱང་། །

བདག་སྙིང་དུམ་བུར་གཏོར་བ་འདིར་ལྟོས་དང་། །

ཨ་ཙི་བདེན་ནམ་མགོ་ཐོག་གནམ་རྒན་མ། །

ཁོ་མོའི་ལས་དབང་ཅིའི་ཕྱིར་འདི་ལྟར་ལགས། །



  • ལེ་ཚན་སྔོན་མ།:ལོ་རྒྱུས་ཐོལ་བུ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།