མཐོང་ཡུལ་གྱི་ཕ་ཡུལ།

ལྡོང་འཇིགས་སྲས།        2023-12-15

སྤང་ལ་མེ་ཏོག་བཞད་པའི་དབྱར་ཁ་ན།།

ཆུ་ལ་རྦ་རླབས་འཕྱུར་བའི་འགྲོས་ངོས་སུ།།

ཡུལ་གྱི་རྒྱུ་བ་འདི་ཉིད་རྒྱས་པ་ཡིས།།

སེམས་ཀྱི་མཛེས་པའི་དེ་ཉིད་གཡོ་བར་བྱེད།།

ཡིད་ཀྱི་ཁོང་ན་བརྩེ་བའི་དྲོད་ཁོལ་ལྡང་།།

མཐོང་བའི་ངོགས་ན་སྒེག་པའི་མེ་ཏོག་འབུས།།

དཀར་དམར་ཁྲ་རྒྱན་ལྗོན་ཤིང་ནགས་ཚལ་གྱི།

རེ་འདོད་ནང་གི་ང་ཡི་ཞིང་ཁམས་མཛེས།།

བྲལ་བའི་ལོ་ཟླ་དུ་མས་ཆོད་གྱུར་ཀྱང་།།

བར་ཐག་རི་ཆུས་ཆོད་པའི་ཕ་ཡུལ་འདི།།

དྲན་པའི་མིག་ཆུ་ཆུ་བོའི་རྒྱུན་བཞིན་རིང་།།

ཞེ་འཕྲིན་དུས་ཀྱི་རི་མོ་ཡང་ཡང་བྲིས།།

སྙིང་གི་ཉེ་སར་ཆགས་པའི་ཕ་ཡུལ་འདི།།

ཞེན་ཆགས་ཚེ་ཡའི་ལྷ་ཁང་ནང་དུ་ཡོད།།

ཉིན་ནས་ཉིན་བཞིན་མཛེས་པའི་ཆ་ཤས་མངོན།།

གང་གིས་ཕ་ཁྱིམ་འདི་ཉིད་མཚོན་ཐབས་བྲལ།།

འདི་རའི་ཞོགས་པའི་མཚམས་སྤྲིན་ལྡང་བ་ན།།

བྱ་བྱེའུ་ངག་གི་གསུང་སྐད་ལྷང་ལྷང་གྲག།

ཉིད་ཀྱི་དྭངས་གཙང་མཁའ་དབུགས་རུབ་པ་ན།།

གངས་ལྗོངས་གངས་ཀྱི་ངོམ་པ་འདི་ན་རྨད།།

འདི་ཉིད་ཕ་མེས་དུས་ཀྱི་འོ་དོད་ནང་།།

རེ་སྨོན་ནང་གི་ཞིང་ས་ཡིན་ལགས་ན།།

ངས་ཀྱང་བགྲེས་སོང་ཞབས་ཀྱི་པད་མོ་འདི།།

ལག་པས་འདེགས་ཤིང་མཆོད་པའི་ཡུལ་དུ་བཀོད།།



  • ལེ་ཚན་སྔོན་མ།:དྲིན་མ་ལོ་དགྱེས་པའི་མཆོད་དབྱངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།