ཡིད་ལྷུང་ས་ཆའི་ལྷ་རུ་དཔོན་གྱི་མཁར་ཤུལ་དང་གླིང་གི་རྗེས་ཤུལ།

པདྨ་ནོར་བུས་བྲིས།        2023-12-14

 ཡིད་ལྷུང་ས་ཆའི་ལྷ་རུ་དཔོན་གྱི་མཁར་ཤུལ་དང་གླིང་གི་རྗེས་ཤུལ།

    ཡིད་ལྷུང་ས་ཆ་ལ་གླིང་སྒྲུང་དང་འབྲེལ་བའི་ས་མིང་དང་ངག་རྒྱུན་མང་བོ་བཤད་རྒྱུ་ཡོད། ལྷག་པར་དུ་རོང་ཚ་ཞེས་པའི་སྡེ་བ་ཞིག་ཡོད་པ་དེ་རུ་ནུ་བོ་རོང་ཚ་དམར་ལེབ་ཀྱི་མཁར་ཤུལ་དང་། ཁོང་དང་འབྲེལ་བའི་ལོ་རྒྱུས་མང་པོ་ཡོད་རེད་ཟེར།  ད་ལོའི་སྟོན་ཀའི་ཉིན་ཞིག་ལ་པར་ཆས་བཟུང་ནས་ལམ་ལ་ཆས།  སྨུག་རི་ལ་ནས་སྨུག་པ་ཟ་ཟི་ཞིག་འཁྲིགས་ནས་ཆར་བ་ཤག་ཤག་ཏུ་འབབ་པ་འདི་ནི་གླིང་གི་མ་སྲུ་མོ་སྨན་ཚོས་བསུ་མ་བྱེད་པ་ཞིག་མིན་འགྲོ། ངག་རྒྱུན་ལའང་ཇ་འདྲེན་དང་ཆང་འདྲེན་ཞེས་པའི་ཆར་བ་ཞིག་འབབ་སྲོལ་ཡོད། ཡིད་ལྷུང་གི་ས་མིང་བཏགས་སྲོལ་ལ་ངག་རྒྱུན་ཡ་མཚན་ཞིག་བཤད་རྒྱུ་ཡོད་པ་ནི་སྨུག་རི་ལ་ནས་འབྲུག་མོས་ཕྱི་མིག་བྱས་ཏེ་ཡིད་ལྷུང་གི་ས་ཆ་ལ་ཡིད་ལྷུང་བས་དེ་ལྟར་ས་དེའི་མིང་ལ་ཡིད་ལྷུང་ཞེས་ཐོགས་པ་རེད་ཟེར། འབྲུག་མོ་ཡིད་ལྷུང་གི་ས་ཆ་ལ་ཡིད་ལྷུང་བ་མ་ཚད་ད་དུང་སྟག་རོང་ཚང་གི་བུ་ལ་ཡང་ཡིད་ཅུང་ལྷུང་ཡོད་པ་འདྲ། སྟག་རོང་གི་བུ་གདོང་བཙན་སྣང་ངུ་ཨ་དཔལ་དང་ཁོང་གཉིས་ཆུང་དུས་ནས་འོ་ཐང་ཞེས་པའི་ཐང་གཞོང་དེར་ལུག་རྫི་མཉམ་དུ་འགྲོ་མྱོང་ཟེར། དེང་དུས་གསེར་གཞོང་ནོར་བུ་ཐང་ཞེས་རྩ་ཤུལ་དགོན་པའི་རྒྱབ་རི་ཡིན་པའི་རི་བོ་ནོར་བུ་འདྲ་ལ། ལུང་པ་གསེར་གཞོང་འདྲ་བའི་ལུང་སྟོད་དེར་འོ་ཐང་ཞེས་འབོད་པའི་ཐང་མེ་ལོང་འདྲ་བའི་ཐང་དཀྱིལ་དེ་རུ་ངོས་འཛིན་བྱེད་སྲོལ་འདུག གླིང་སྒྲུང་ནང་ཆུང་ཆུང་ལུ་གུ་འཚོ་རོགས།། ཡང་ཆུང་མེ་ཏོག་འཐུ་རོགས།།ཞེས་འཁོད་ཡོད་པ་སོགས་ལ་གཞིགས་ན་འབྲུག་མོ་ཡིད་ལྷུང་བའི་རྒྱུ་མཚན་ཞིག་ལོས་ཡོད་འདོད། 

     དེ་ནས་ཡར་ཙམ་སོང་བས་དུང་འབྲུག་སྡེ་བ་དང་། དུང་འབྲིང་སྡེ་བ། ཧོ་ར་ནང་པ་ཟེར་བའི་གྲོང་ཚོ་གཉིས་གསུམ་ཞིག་འདུག ཉིན་དེར་སྟོན་རུ་བབས་པའི་དུས་ལ་ཁེལ་ཏེ་སྦྲ་ནག་འགྲམ་ནས་འབྲོག་ཕྲུག་དེ་ཚོ་བྲེལ་ཟིང་གི་རྔུལ་ཆུས་བརླན་འདུག ང་ཚོར་ས་གནས་དེར་དེ་འདྲའི་ཆ་རྒྱུས་མེད་པས་རྩ་ཤུལ་བླ་མ་འགྱུར་མེད་བསྟན་འཛིན་ལ་ས་གནས་ཀྱི་ལོ་རྒྱུས་ཞིབ་འདྲི་བྱས། གོ་ཚོད་ལ་དུང་འབྲུག་སྡེ་བའི་ནང་དུ་འབྲུག་མོའི་ལོ་རྒྱུས་དང་། འབྲུག་མོ་དང་འབྲེལ་བའི་ས་མིང་སོགས་མང་པོ་ཡོད་རེད་ཟེར། འབྲུག་མོའི་བྲག་ཁུང་དང་འབྲུག་མོའི་ཆང་དོང་། འབྲུག་མོའི་སྦྲ་ཤུལ། འབྲུག་མོའི་བྲོ་ར། འབྲུག་མོའི་འཇུ་དང་འབྲུག་མོའི་འཁྲུངས་ཡུལ་སོགས་ཡོད་རེད་ཟེར།  ཡིན་ཡང་ས་གནས་ལ་ཆ་རྒྱུས་ཆེ་ཞིག་མེད་པ་དང་། དུས་ཚོད་ཀྱིས་ཁོམ་པ་ཉུང་བ། འགྲོ་ལམ་སྟབས་བདེ་མིན་པ་སོགས་ཀྱིས་ཧ་ཅང་ཞིབ་ཕྲ་ཞིག་མཇལ་བའི་གོ་སྐབས་མ་བྱུང་།   འོ་ཐང་ཞེས་པའི་ཐང་དཀྱིལ་དེའི་ཕར་ངོས་ཀྱི་རི་ཕྲན་དེ་རུ། གེ་སར་རྐྱང་ལུའི་སྟོད་ཕུར་ཞེས་པའི་ལྕང་སྡོང་ཁེར་རྐྱང་ཞིག་སྐྱེས་འདུག བཤད་སྲོལ་ལ་གནའ་དུས་གེ་སར་རྒྱལ་པོའི་རྐྱང་ལུའི་རྟོད་ཕུར་ཡིན་པས་ཤིང་སྡོང་དེ་ལ་རྐྱང་ལུ་རྟོད་ཕུར་ཞེས་མིང་ཐོགས་པ་རེད་ཟེར། དེ་ནས་མར་ཙམ་སོང་དུས་འོ་ཐང་འགག་ལ་ཐོན་འགྲོ།  ས་དེ་ལ་གསེར་གཞོང་ནོར་བུའི་ཐང་ཞེས་རི་བོ་ནོར་བུ་འདྲ་ལ། ལུང་པ་གསེར་གཞོང་འདྲ་བའི་སའི་ཆགས་དབྱིབས་ལ་བཀྲ་ཤིས་ཤིང་མིང་དང་མཚན་ཉིད་ཚང་བའི་གནས་ཤིག་ཏུ་སླེབས་འགྲོ། འོ་ཐང་གི་མདུན་རིའི་རི་གདོང་དེ་ནི་གཡུ་འབྲུག་འདྲ་བོ་ཡོད་པས་མང་ཆེ་བས་གཡུ་འབྲུག་གདོང་ཞེས་འབོད་སྲོལ་འདུག   འོ་ཐང་འགག་སྒོ་ནས་བུད་མ་ཐག་ཏུ་ཡིད་ལྷུང་གྲོང་རྡལ་དུ་ཐོན་འགྲོ། འགག་སྒོའི་ཉིན་ངོས་དེ་རུ་མཆོད་རྟེན་དཀར་པོ་ཞིག་བཞེངས་ཡོད་པ་དེ་ནི་ཨ་འཛོམས་འབྲུག་པ་རིན་པོ་ཆེ་སྐུ་འཁྲུངས་གནས་ཡིན་པས་དེ་ལྟར་མཆོད་རྟེན་ཞིག་བཞེངས་པ་རེད་ཟེར།  དེ་ནས་ཕར་ཙམ་སོང་བའི་འགྲམ་ངོས་དེར་ཁང་བརྩེགས་མཐོ་བའི་གྱང་རལ་ཆེན་པོ་ཞིག་ཡོད་འདུག  དེ་ནི་ཡིད་ལྷུང་ལྷ་རུ་དཔོན་ཚང་གི་མཁར་ཤུལ་ཡིན་རེད་ཟེར།  

     ལྷ་རུ་དཔོན་ཚང་ཞེས་པ་ནི་ལྷ་རུ་མི་བདུན་སྐྱ་བདུན་ལས་བྱུང་བའི་རིགས་རྒྱུད་ལ་ལྷ་རུ་དཔོན་ཞེས་མིང་ཐོགས་པ་ཞིག་རེད་འདུག ལྷ་རུ་དཔོན་ཚང་འདི་དུས་རབས་བཅུ་དྲུག་པར་སྡེ་དགེ་ནས་བྱུང་ཚུལ་དང་རྨ་སྨད་ནས་གནས་འདིར་སླེབས་ཚུལ་གྱི་བཤད་སྲོལ་མི་འདྲ་བ་གཉིས་འདུག གང་ལྟར་ལྷ་རུ་དཔོན་ཚང་གི་མི་སྣ་ཐོག་མ་དེ་ལྷ་རུ་མི་བདུན་སྐྱ་བདུན་དང་འབྲེལ་ཆགས་པ་ཞིག་ཡིན་པའི་བཤད་སྲོལ་འདུག དཔོན་རབས་གཉིས་པ་སྐལ་ཚོགས་དང་། དཔོན་རབས་གསུམ་འབུམ་པ་སྐྱབས། དཔོན་རབས་བཞི་པ་ལྷ་སྲས་ཚེ་བསྟན། དཔོན་རབས་ལྔ་པ་ལྷ་སྲས་ངག་དབང་མཆོག དཔོན་རབས་དྲུག་པ་ཨ་དཀར་དཔོན། དཔོན་རབས་བདུན་པ་ལྷ་སྲས་རྟ་མགྲིན་དབང་རྒྱལ། དཔོན་རབས་བརྒྱད་པ་ཕུན་ཚོགས་རང་གྲོལ། དཔོན་རབས་དགུ་པ་དཔོན་མོ་སངས་ལུ། དཔོན་རབས་བཅུ་པ་ཕུན་ཚོགས་རྣམ་རྒྱལ། དཔོན་རབས་བཅུ་གཅིག་པ་གནས་ར་བུ་སྐལ་བཟང་ཕུན་ཚོགས།དཔོན་རབས་བཅུ་གཉིས་པ་བྱ་རྒོད་སྟོབས་ལྡན། དཔོན་རབས་བཅུ་གསུམ་པ་སྤོམ་ཁ་རྣམ་རྒྱལ་རྡོ་རྗེ་བཅས་ཡིད་ལྷུང་ལྷ་རུའི་དཔོན་རབས་བཅུ་གསུམ་ཙམ་བྱུང་བའི་ལོ་རྒྱུས་འདུག ལྷ་རུའི་དཔོན་རབས་བཅུ་གཉིས་པ་བྱ་རྒོད་སྟོབས་ལྡན་གྱི་དུས་སུ།  རྒྱ་ཀོང་བསོད་ནམས་རྣམ་རྒྱལ་གྱིས་ལྷ་རུ་ཚང་གི་གྱེས་རུ་བྱས་མྱོང་ཡོད་ལ། དཔོན་རབས་བཅུ་གཉིས་པ་བྱ་རྒོད་སྟོབས་ལྡན་དང་བཅུ་གསུམ་པ་སྤོམ་ཁ་རྣམ་རྒྱལ་རྡོ་རྗེ་སྐབས་སུ་རྒྱ་ཀོང་བསོད་ནམས་རྣམ་རྒྱལ་གྱི་བུ་འཕགས་མཆོག་གིས་ཀྱང་ལྷ་རུ་ཚང་གི་གྱེས་ཚབ་བྱས་མྱོང་ཡོད། ལྷ་རུ་ཚང་ཞེས་པའི་དཔོན་ཚང་དང་ང་ཚོའི་ཁྱིམ་རྒྱུད་བར་དུ་བག་ཆགས་ཟབ་མོ་ཞིག་བཞག་ཡོད།ལྷག་པར་དུ་རྒྱ་ཀོང་བསོད་ནམས་རྣམ་རྒྱལ་ནི་ལྷ་རུ་དཔོན་ཚང་གི་བུ་ཚབ་ཀྱི་ཚུལ་དུ་གསོ་སྐྱོང་བྱས་མྱོང་བའི་ལྭ་དཀར་ཚང་གི་རྒྱུད་པ་ཡིན་པས་རྒྱ་ཀོང་ཡག་ཡག་མའི་ཁྱོ་ག་བྱས་པ་ནས་མིང་ལ་རྒྱ་ཀོང་བསོད་ནམས་རྣམ་རྒྱལ་ཞེས་ཐོགས་པ་རེད། དེ་མིན་རྒྱ་ཀོང་དཔལ་ལྡན་གྱི་སྲིང་མོ་ཡང་དཀར་སྐྱིད་ཀྱི་འདུག་རོགས་རྣ་རོང་དབང་རྒྱལ་ཡང་ལྷ་རུ་དཔོན་གྱི་བཀའ་ཡི་བློན་ཆེན་དང་། དཔལ་ལྡན་གྱི་ཚ་བོ་རྒྱ་ཀོང་མཚོ་འཇའ་མའམ་ཚེ་དབང་སྒྲོལ་མའི་བུ་རྩ་ཤུལ་ཨོ་རྒྱན་ཚེ་འཕེལ་ཡང་ལྷ་རུ་དཔོན་གཉིས་པའི་གོ་གནས་ཡོད་པར་བཤད་འདུག  ཁོང་གཉིས་ལ་ཡིད་སྟོད་རྣ་རོང་བུ་དང་། ཡིད་སྨད་རྩ་ཤུལ་བུ་ཞེས་མིང་བཏགས་སྲོལ་ཡོད་པ་རེད་ཟེར། 

ཡིད་ལྷུང་ས་ཆའི་ལྷ་རུ་དཔོན་གྱི་མཁར་ཤུལ་དང་གླིང་གི་རྗེས་ཤུལ།

རྩ་ཤུལ་དགོན་པ་དང་སྒ་སྐྱ་ལོ་ཚང་གི་མཁར་ཤུལ།

     རྩ་ཤུལ་དགོན་པ་ནི་རི་ནོར་བུ་འདྲ་བའི་མདུན་ངོས། ཆུ་གཙང་པོ་འབབ་པའི་འགྲམ་ཟུར། ལུང་གསེར་གཞོང་འདྲ་བའི་མདུན་ཐང་དེར་སྤང་མེ་ཏོག་སྣ་ཚོགས་ཞིང་ལ་བཀྲམ་འདྲ། རྩི་ཤིང་མེ་ཏོག་སྣ་ཚོགས་འདབ་ལག་རྒྱས་ས་ཞིག་ཏུ་ཆགས་འདུག་པས་ས་དེར་གསེར་གཞོང་ནོར་བུའི་མདུན་ཐང་ཞེས་མིང་བཏགས་འདུག  མིང་གཞན་ལ་གདན་ས་ལྷ་ལུང་ཐང་མོ་ཆེ་ཞེས་འབོད་སྲོལ་འདུག རྩ་ཤུལ་དགོན་པ་ནི་སྤྱི་ལོ1790ལོར་གསར་དུ་བཏབ་པ་ནས་ད་ལྟའི་བར་དུ་ལོ་ངོ233ཙམ་སོང་འདུག

     གསང་ཆེན་སྔ་འགྱུར་པའི་རིང་ལུགས་འཛིན་པའི་རྩ་ཤུལ་དགོན་ནི་སྤྱི་ལོ1790ལོར་ཡིད་ལྷུང་ལྷ་རུ་དཔོན་ཚང་གི་ཕོ་བྲང་ཡོད་སའི་ལྷོ་ནུབ་ཀྱི་མཚམས་དེར་རོང་ཆེན་འདབས་ཞེས་སྔོན་ཁྲ་མོ་གླིང་གི་དུས་སུ་འབུམ་དཔོན་ཐོག་རྒོད་འབར་བའི་གདན་ས་དེ་རུ་དགེ་རྩེ་མ་ཧཱ་པཎྜིཏ་འགྱུར་མེད་ཚེ་དབང་མཆོག་གྲུབ་ཀྱིས་གསར་དུ་ཕྱག་བཏབ་པ་ཞིག་རེད་འདུག སྐབས་དེར་དགོན་པའི་མིང་ལ་དཔལ་རྒྱལ་བ་རྩ་ཤུལ་དགོན་ཞེས་མིང་བཏགས་འདུག  རྩ་ཤུལ་བླ་མ་དང་། ཕྱག་ཚ་ཀུན་བཟང་བསྟན་པའི་ཉིན་བྱེད། མཁས་གྲུབ་སྐལ་བཟང་རྒྱ་མཚོ། གྲུབ་ཆེན་ཉི་མ་ཐག་གཏོད། གྲུབ་བརྙེས་གཅོད་པ་སྔོ་འབྲུག ཧ་རའི་བླ་མ་ཀུན་ཚེ་སོགས་བྱོན།

     ཕྱིས་སུ་ཉག་སྐེད་བུ་ལོང་མའི་དམག་གི་འགལ་རྐྱེན་དང་འཕྲད་དེ་སྤྱི་ལོ1862ལོར་དགོན་ས་ཐེངས་གཉིས་པ་རོང་ཆེན་ལྷ་སྡེའི་གྲོག་ལུང་མདའ་རུ་རྩ་ཤུལ་ཚེ་དབང་ལགས་ཀྱི་སྐུ་དུས་སུ་ཕྱག་བཏབ་ནས་ལོ་ངོ་བརྒྱ་ལྷག་གནས་དེར་དགོན་པ་ཆགས་པའི་ལོ་རྒྱུས་འདུག ཁོང་གིས་དངོས་སློབ་ནུ་བོ་རོང་ཚ་དམར་ལེབ་ཀྱི་རྣམ་སྤྲུལ་དུ་འདོད་པའི་གཏེར་སྟོན་བསོད་ནམས་རྒྱ་མཚོ། ཀཿཐོག་ཉིན་དགོན་སྐལ་བཟང་སྟོབས་རྒྱལ་སོགས་མཁན་སྤྲུལ་གསེར་གྱི་ཕྲེང་བ་ལྟར་བྱོན།།

     ཡིན་ཡང་གནས་དེར་ཆུ་ལོག་གིས་འཇིགས་པ་སོགས་ཀྱི་རྐྱེན་བྱས་ནས། ཕྱི་ལོ1997ལོར་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ནས། ལོ་དེའི་ལྷ་བབས་དུས་ཆེན་དང་བསྟུན་ནས་བོད་ཟླ་དགུ་པའི་ནང་དུ་གྲུབ་དབང་ལུང་རྟོགས་རྒྱལ་མཚན་དང་། མཆོག་སྤྲུལ་ནམ་མཁའི་སྙིང་པོ་རྣམ་གཉིས་ཕེབས་ནས་དཔོན་རུ་ལྷ་སྡེ་གཉིས་པའི་ས་གནས་སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་མཁར་ཤུལ། ལྷ་ལུང་ཐང་མོ་ཆེ་རུ་བྱོན། མཁན་ཆེན་ཤེས་རབ་བཟང་པོ་དང་། སྤྲུལ་སྐུ་ཡ་མ་ཚེ་རིང་སོགས་ཀྱིས་གཙོ་སྐྱོང་མཛད་ཅིང་། རང་དགོན་གྱི་མཁན་པོ་དང་། བླ་སྤྲུལ་མང་ཚོགས་སོགས་ཀྱིས་རྒྱུ་ཚེགས་གཉིས་ཀྱིས་ཞབས་ཞུ་བསྒྲུབས་པ་སོགས་ཕྱོགས་ཐམས་ཅད་ནས་རྒྱབ་སྐྱོར་ཆེན་པོ་ཐོབ། སྤྲུལ་བསྟན་པའི་ཉི་མའམ་ཡ་མ་ཚེ་རིང་ལགས་ཀྱིས་དགོན་པ་བསྐྱར་བཞེངས་ཀྱི་ལས་ཀར་ཐོག་མཐའ་བར་གསུམ་དུ་གཙོ་འགན་བཞེས། ད་ལྟ་སྦྲང་ཆར་ཞིང་སའི་སློབ་ཁང་དང་། ཚོགས་ཆེན་འདུ་ཁང་ཆེན་མོ། འོད་དཔག་མེད་སྐུ་བརྒྱ་ཕྲག  ལྷ་ཁང་ནང་གི་ལྡེབས་རིས་དང་། ཐང་སྐུ། འདན་སྲས་གར་འཆམ་གྱི་འཆམ་ཆས། ཟངས་གསེར་གྱིས་བཞེངས་པའི་གླིང་གི་དཔའ་རྟུལ་ཚོའི་སྐུ་སོགས་ཡོད་འདུག

     རྒྱུད་སྡེ་སྒྱུ་འཕྲུལ་མཐོང་གྲོལ་ཆེན་མོའི་ནང་དུ་སྟོན་པ་གཙོ་འཁོར་གསུམ། མཁན་སློབ་ཆོས་གསུམ། རིགས་གསུམ་མགོན་པོ། ཀུན་མཁྱེན་མི་ཕམ་རྒྱ་མཚོ། ཆོས་སྐུ་ཡུམ་ཆེན་མོ་ཟངས་གསེར་ལས་གྲུབ་པའི་ཞི་ཁྲོ་དམ་པ་རིགས་བརྒྱ། གླིང་རྗེ་གེ་སར་རྒྱལ་པོ། སྡེ་དགེའི་པར་ཁང་ནང་གི་བོད་ཤོག་དང་བོད་སྣག  མཚལ་གྱིས་པར་བའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་སོགས་ནང་བསྟན་དུ་བཞག་འདུག  

     སྒ་སྐྱ་ལོ་སྟོན་པ་རྒྱལ་མཚན་གྱི་རྣམ་སྤྲུལ་དུ་ངོས་བཟུང་བའི་འཇའ་ལུས་པ་བླ་མ་སྦྱིན་པས་ཕྱི་ལོ1928ལོར་བ་སྦྱེ་རྡོ་མཁར་ཕྱག་བཏབ་པ་དང་།  སྤྱི་ལོ1913 རྩ་ཤུལ་དགོན་དུ་སྒྲུབ་གྲྭ་བཙུགས། ཕྱིས་སུ་སྒྲུབ་གྲྭའི་མཁན་པོ་ལ་ཁོང་གི་སྐུ་ཚ་བསོད་ནམས་དོན་འགྲུབ་དང་། འཇའ་ལུས་པ་རྡོ་རྗེ་ཆོས་སྐྱོང་། བྱ་བཏང་བླ་མ་ཚེ་སྟོབས་སོགས་སྒྲུབ་བླ་སུམ་ཅུ་ལྷག་ད་ལྟའི་བར་གནས་ཡོད། 

     རྩ་ཤུལ་དགོན་གྱི་སྒྲུབ་གྲྭའི་ཆོས་སྡེ་གཙོ་བོ་དབེན་གནས་བཀྲ་ཤིས་ཁྲི་གླིང་ཡང་གོང་ཞུས་ལྟར་དགོན་ས་སྤོར་དགོས་བྱུང་བ་ཞིག་རེད་འདུག གོང་རིམ་གྱིས་ཆོག་མཆན་ཐོབ་པ་ལྟར། སྔོན་ཆད་རྩ་ཤུལ་དགོན་གྱི་བླ་སྤྲུལ་འགས་སྒྲུབ་པ་ཉམས་ལེན་མཛད་ནས་བཞུགས་མྱོང་ཡོད་པའི་སྒྲུབ་གནས་ཁྱད་པར་ཅན། དེང་དུས་ཡིད་ལྷུང་སྨད་ཀྱི་ཆ་གཏོགས་ད་ལྟའི་ཁྲོ་ཐུང་གྲོང་རྡལ་ཞེས་པ། གནའ་དུས་གླིང་ཨ་ཁུ་ཁྲོ་ཐང་རྒྱལ་པོས་བྱང་ལྷ་རྟ་མགྲིན་དམར་པོ་སྒྲུབ་པའི་གནས་སུ་ངོས་འཛིན་མཛད་པའི་རི་ངོས་དེར་མཁན་ཆེན་ཤེས་རབ་བཟང་པོ་མཆོག་གི་ཐུགས་རྗེ་དང་བདག་རྐྱེན་ལ་བརྟེན་ནས། གེ་སར་ལྷ་ཁང་དང་། གྲྭ་ཤག གླིང་རྗེ་གེ་སར་རྒྱལ་པོ། དགྲ་བླའི་ཝེར་མ་བཅུ་གསུམ། གླིང་ལྷ་བཅུ་གསུམ། ཞེ་ཐུལ་ཁྲ་ལྷག་སྤྱང་གསུམ། ཡང་ཐུལ་དམ་པའི་མི་འདུན། སྲས་ཆུང་བཅུ་གསུམ། དམག་དཔོན་ཆེ་བཞི། མོ་སྨན་སྤུན་བདུན། ཐུལ་ཕྲན་བཤེས་གཉེན་མི་བཞི། དཔའ་ཐུལ་ཉིས་བརྒྱ་ལྷག གླིང་གི་རྟ་རྒྱུགས། འཁྲུངས་གླིང་མེ་ཏོག་རྭ་བ་སོགས་བཞེངས་འདུག དེ་མིན་སྨན་ཁང་དང་།  རྒན་གསོ་ཁང་སོགས་ཡུལ་དགོན་གཉིས་ལ་མཐུན་རྐྱེན་ཕུན་སུམ་ཚོགས་པར་བྱས་འདུག 

     རྩ་ཤུལ་བཤད་གྲྭ་ནི་སྤྱི་ལོ1930ལོར་མཁན་པོ་ངག་ཆུང་དང་ཁོང་གི་དངོས་སློབ་མཁན་པོ་ཀུན་བཟང་བསྟན་འཕེལ། མཁན་དགེ་འཕེལ་སོགས་མཁན་པོ་ཁ་ཤས་དང་། རྩ་ཤུལ་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ། རྣ་རོང་མཆོག་སྤྲུལ་ཐེག་མཆོག་བཤད་སྒྲུབ་བསྟན་པའི་རྒྱལ་མཚན། ཡིད་ལྷུང་ལྷ་རུ་དཔོན་སྐལ་བཟང་ཕུན་ཚོགས་དང་། བྱ་རྒོད་སྟོབས་ལྡན། སྤོམ་ཁ་རྣམ་རྒྱལ་རྡོ་རྗེ་སོགས་ཀྱིས་སྦྱིན་བདག་མཛད་དེ་གསར་བཞེངས་མཛད་པ་ཞིག་རེད་འདུག སྐབས་དེར་ཞིང་སྐྱོང་མགོན་ཁང་ཞེས་པའི་མགོན་ཁང་ཞིག་དང་། བཤད་གྲྭའི་ཇ་ཁང་། དཀོར་གཉེར་ཁང་། བཤད་གྲྭའི་གཙུག་ལག་ཁང་དང་། སྤྱི་ཁང་། མཆོད་ཁང་། དགེ་འདུན་པ་རྣམས་ཀྱི་བཞུགས་ཤག་སོགས་བཞེངས་ཡོད་ཀྱང་དུས་འགྱུར་སྐབས་གཏོར་བཤིག་ཐེབས་ནས་བཤད་གྲྭ་འདི་ཕྱིས་སུ་གསར་བཞེངས་བྱས་པ་ཞིག་རེད་འདུག།  

     སྤྱི་ལོ2001ལོར་མཆོག་སྤྲུལ་ཡ་མ་ཚེ་རིང་ལགས་ཀྱིས་བཤད་གྲྭ་བསྐྱར་བཞེངས་མཛད་དེ། ཡང་དར་བསྟན་པའི་སྲོག་ཤིང་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་བཤད་གྲྭ་དེར་ཕུན་ཚོགས་རྣམ་རྒྱལ་གླིང་ཞེས་མཚན་བཏགས་གནང་། བཤད་གྲྭ་དེའི་དབུས་དང་ཕྱོགས་སོ་སོ་ལ་ཡང་། དབུས་སུ་སྨིན་གྲོལ་ཐར་ལམ་གླིང་། ཤར་ཐོས་བསམ་རྣམ་རྒྱལ་གླིང་། ལྷོ་ལུང་རིགས་འདོད་དགུའི་གླིང་། ནུབ་ཏུ་ལེགས་བཤད་ནོར་བུ་གླིང་། བྱང་དུ་ཟིལ་གནོན་ཐེག་མཆོག་གླིང་ཞེས་མིང་བཏགས་འདུག  མཐར་སྐོར་དུ་བཤད་གྲྭ་བའི་སྡོད་ཁང་དང་། དཔེ་མཛོད་ཁང་། ཇ་ཁང་། མཁན་པོའི་གཟིམས་ཤག ཚོང་ཁང་། ཉེ་འཁོར་གྱི་སློབ་ཁང་དང་། བཤད་གྲྭའི་ལྷ་ཁང་། སྐུ་གསུང་ཐུགས་རྟེན་སོགས་བཞེངས་འདུག།སྤྱི་ལོ2012ལོར་མཆོག་སྤྲུལ་བསྟན་པའི་ཉི་མས་སྒྲུབ་སྡེ་ཤེས་རབ་རྣམ་རྒྱལ་བསམ་གཏན་གླིང་གི་འདུ་ཁང་དང་། གསེར་ཟངས་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་། འོད་དཔག་མེད། རྡོ་རྗེ་སེམས་དཔའ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ། རིག་འཛིན་འཇིགས་མེད་གླིང་པ། གཏེར་ཆེན་བདུད་ཀློང་རྣམ་གཉིས། ཀུན་མཁྱེན་མི་ཕམ་རྒྱ་མཚོ།  འཇའ་ལུས་པ་རྡོ་རྗེ་ཆོས་སྐྱོང་གི་སྐུ། བལ་པོའི་ལི་ཁྲ་ལས་གྲུབ་པའི་སྟོན་པའི་སྐུ། གླིང་རྗེ་གེ་སར་རྒྱལ་པོ། མ་གཟའ་དམ་གསུམ། ཙིའུ་དམར། ས་དགེ་བཀའ་རྙིང་གི་ལྷ་ཚོགས། ཀཿཐོག་བླ་བརྒྱུད་གསེར་ཕྲེང་། བཀའ་དགོངས་ཕུར་གསུམ། བདུད་ཀློང་བླ་བརྒྱུད་སོགས་བཞེངས་ཡོད། ཟངས་མདོག་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་། གུ་རུ་གཙོ་འཁོར་གསུམ། གཉགས་གནུབས་ཟུར་གསུམ། ལོ་ཙཱ་རྣམ་གསུམ། གུ་རུ་མཚན་བརྒྱད། རྗེ་འབངས་ཉེར་ལྔ། ཉེར་སྲས་བརྒྱད། རྒྱལ་བ་རིགས་ལྔ། མཐའ་སྐོར་དུ་མཚམས་པ་རྣམས་ཀྱི་སྒྲུབ་ཁང་། སྤྱི་ཁང་། མཛོད་ཁང་། ཇ་ཁང་བཅས་བཞེངས་འདུག།  

     མདོར་ན་མི་རིགས་ཀྱི་ལག་ཤེས་དང་བཟོ་བཀོད་སོགས་ལ་རྒྱུས་ལེན་ཞིབ་ཕྲ་བྱེད་འདོད་ན་ངེས་པར་དུ་དགོན་སྡེའི་རིག་གནས་དང་། ས་གནས་ཀྱི་རིག་གནས་ལ་ཉམས་ཞིབ་བྱེད་པ་གལ་ཆེའི་ལག་ལེན་ཞིག་ཅི་ལ་མིན། 

     རྩ་ཤུལ་དགོན་པའི་ཡ་ཟུར་དེར་སྒ་སྐྱ་ལོའི་བསྟན་པ་རྒྱལ་མཚན་གྱི་མཁར་ཤུལ་ཞེས་པའི་ཐང་གཞོང་ཞིག་འདུག མཁར་ཤུལ་གྱི་རྒྱབ་རིའི་ངོས་སུ་ནོར་བུའི་དབྱིབས་སུ་ཆགས་པའི་བྲག་རྡོ་ཞིག་ཀྱང་འདུག དེའི་རྒྱབ་རི་ལ་ཡང་གསེར་གཞོང་ནོར་བུའི་ཐང་ཞེས་ནོར་བུའི་དབྱིབས་སུ་ཆགས་པའི་རི་བོ་དང་། གསེར་གྱི་གཞོང་པ་ལྟ་བུའི་ལུང་པ་ཡོད་པས་སྐྱ་ལོ་ཚང་ལ་རྒྱུ་ནོར་ལོངས་སྤྱོད་འཛོམས་པའི་རྒྱུ་མཚན་དེ་དང་འབྲེལ་བ་ཡོད་པ་ཞིག་ཡིན་རེད་ཟེར། 

     དགོན་པའི་ནང་དུ་འབྲུག་མོའི་ཆང་དོང་ཞེས་པའི་ས་དོང་ཞིག་ཡོད་པ་ནི་འབྲུག་མོས་ཆང་བསྙལ་ས་ཡིན་ཞེས་བཤད་སྲོལ་ཡོད་པས་འབྲུག་མོའི་ཆང་དོང་ཞེས་མིང་ཐོགས་པ་རེད་ཟེར། དེའི་འགྲམ་དུ་རྡོ་རིང་ཞིག་གི་ཚུལ་དུ། རྡོ་དབྱིབས་འཇོང་ནར་ཡིན་ལ་ཧ་ཅང་ཆེ་རྒྱུ་མེད་པའི་རྡོ་ངོས་ཤིག་ཏུ་འབྲུག་མོའི་ཆང་དོང་ཞེས་ཡི་གེ་བྲིས་འདུག དེ་དང་བར་ཐག་མི་རིང་བའི་ས་ན་སི་ཏུ་པདྨ་ཉིན་བྱེད་འཁྲུངས་གནས་ཀྱི་ཡུལ་དེར་རྡོ་རྟགས་ཤིག་ཀྱང་བརྒྱབ་འདུག སྔོན་རྡོ་ཕ་བོང་ཞིག་ཡོད་ཚུལ་བཤད་ཀྱང་ཕྱིས་སུ་རྡོ་རྟགས་ཤིག་བསླངས་ནས་སི་ཏི་པདྨ་ཉིན་བྱེད་འཁྲུངས་ཡུལ་ཞེས་དབུ་ཆེན་གྱི་ཡི་གེ་བྲིས་ནས་རྡོ་དེར་ཚོན་མདོག་དམར་པོ་ཞིག་བྱུག་འདུག།

ཡིད་ལྷུང་ས་ཆའི་ལྷ་རུ་དཔོན་གྱི་མཁར་ཤུལ་དང་གླིང་གི་རྗེས་ཤུལ།

ཁྲོ་ཐུང་མདའ་ནས་སྟག་རོང་གི་ཁྱིམ་ཤུལ་མཇལ་བ།

     ཉིན་དེའི་ཕྱི་དྲོ་ཨ་ཁུ་ཁྲོ་ཐུང་གནས་སྡོད་བྱེད་སའི་ཁྲོ་ཐུང་མདའ་དང་། ཁྲོ་ཐུང་ཁོག ཁྲོ་ཐུང་ཕུ། ཁྲོ་ཐུང་ཚ་ཚུ་སོགས་སྟག་རོང་གི་ས་གནས་ཡིན་ཟེར་བའི་ས་ཆ་ཁ་ཤས་སུ་སོང་བ་ཡིན། ཁྲོ་ཐུང་མདའ་ནས་ཆུ་བོ་གཉིས་གཅིག་ཏུ་འདྲེས་འདུག དེ་ན་ཁྲོ་ཐུང་ཁོག་ཅེས་པའི་ལུང་པ་ཞིག་འདུག་ལ། དེའི་ནང་དུ་ཁྲོ་ཐུང་དང་འབྲེལ་བའི་ས་མིང་དང་ཁྲོ་ཐུང་ཚ་ཆུ་སོགས་ཡོད་འདུག ལུང་ལག་གཞན་ཞིག་ལ་ཨ་ཁུའི་ཁོག་ཅེས་འབོད་ཀྱིན་འདུག  དེའི་རི་ངོས་སུ་བཀྲ་ཤིས་ཁྲི་གླིང་ཞེས་པའི་དགོན་པ་ཞིག་བཞེངས་འདུག དགོན་པ་དེའི་རྒྱབ་རི་ནི་ཨ་ཁུ་ཁྲོ་ཐུང་གིས་བྱང་ལྷ་རྟ་མགྲིན་བསྒྲུབས་པའི་གནས་རི་ཡིན་ཟེར། ལུང་ལག་དེ་གཉིས་ནས་འབབ་པའི་ཆུ་བོ་དེ་ཁྲོ་ཐང་མདའ་ནས་གཅིག་ཏུ་འདྲེས་འདུག  གླིང་སྒྲུང་ལས། ཆུ་གཉིས་བབ་པའི་འདུས་འདོར།། ཤར་གླིང་ལྷ་ཡི་དཀྱིལ་འཁོར།། གླིང་ས་མཐོང་བ་ཀུན་སྨོན།། རྟ་མཆོག་རོལ་པའི་ཞིང་ཁམས།། གྲུ་བཞི་ས་ཡི་གདན་ཐོག།ཞེས་པ་དེ་ཁྲོ་ཐང་མདའ་ལ་ཟེར་བ་མིན་ནམ་བསམ་པ་ཞིག་འདུག  ཁྲོ་ཐང་མདའ་ནས་ཁྲོ་ཐང་ཁོག་ཞེས་པའི་ལུང་ལག་དེ་ནས་ཡར་ཙམ་སོང་ན། ཁྲོ་ཐང་ཚ་ཆུ་ཞེས་པའི་ཚ་ཆུ་ཞིག་འདུག ཚ་ཆུ་དེའི་དྲོད་ཚད་མིའི་ལུས་པོ་དང་ཧ་ཅང་འཚམས་པོ་ཡོད་པ་མ་ཚད། ཚ་ཆུ་དེས་རྨ་གཉན་སྐྲངས་པ་སོགས་ལ་ཧ་ཅང་ཕན་ཆེ་ཟེར། གཞན་ཡང་ལུང་པ་དེ་གཉིས་ཀྱི་ནང་དུ་ཁྲོ་ཐུང་ཁོག་དང་།  ཨ་ཁུའི་ཁོག ཨ་ཁུའི་སྒང་། ཨ་ཁུའི་གད་ཐོག་སོགས་ཨ་ཁུ་ཁྲོ་ཐུང་དང་འབྲེལ་བའི་ས་མིང་སོགས་ཀྱང་མང་བོ་འདུག ཁྲོ་ཐང་མདའ་ནས་བལྟས་ན་ཕར་ཕྱོགས་ཀྱི་མདུན་རི་མཐོན་པོ་ཞིག་ཡོད་པ་དེ་ལ་ཨ་ཁུ་ལ་རྩེ་ཞེས་སྔ་དུས་ཨ་ཁུ་ཁྲོ་ཐུང་གིས་བསང་མཁར་བརྩིགས་ནས་ཡུལ་ལྷ་ཟོ་དོར་ལ་བསང་མཆོད་བྱས་པའི་ལོ་རྒྱུས་འདུག ལྷག་པར་དུ་རྒྱང་རིང་གི་ཤར་སྟོད་རྨ་རྒྱལ་སྤོམ་ར་གསོལ་སའི་ལ་རྩེ་རེད་ཅེས་བཤད་ཀྱིན་འདུག། 

     རོང་ཆེན་ནང་ནས་ཁྲོ་ཐུང་ཁོག་གི་བར་དུ་ལམ་ཞིག་ཡོད་པ་དང་། ལམ་སྣེ་དེར་རི་ཁུག་དོག་མོ་གསུམ་ཡོད་པ་ནི་ཨ་ཁུ་ཁྲོ་ཐུང་གིས་སྟག་གཟིག་ཡུལ་ནས་འདོ་བ་ཁྱུང་གཤོག་སྔོན་པོ་བརྐུས་རྗེས་ལམ་དེ་དེད་ནས་སོང་བ་རེད་ཟེར། ཕྱིས་སུ་ལམ་དེ་ལ་ཁྲོ་ཐུང་རྐང་ལམ་ཞེས་པའི་མིང་ཐོགས་འདུག རོང་ཆེན་སྡེ་བའི་རྡ་ལུང་མདའ་རུ་གེ་སར་རྒྱལ་པོའི་ཆིབས་རྟ་རྐྱང་ལུའི་རྨིག་རྗེས་དང་། གླིང་གེ་སར་རྒྱལ་པོའི་ཞབས་རྗེས་ཡོད་འདུག་ཟེར། མ་གཞི་མི་ཞིག་གིས་ཞབས་རྗེས་རྡོ་ལ་བཞག་པའི་ལོ་རྒྱུས་ལ་བདེན་དོན་ཡོད་མིན་མི་ཤེས་ཀྱང་། ས་གནས་ཀྱི་བཤད་སྲོལ་དང་ལོ་ངོ་བརྒྱ་ཕྲག་མང་པོའི་ངག་རྒྱུན་དེ་དག་ལ་ཡང་རིན་ཐང་ལོས་ཡོད་འདོད།  

     ཨ་ཁུ་ལུང་པའི་ཡར་ཟུར་གྱི་ཆུ་བོ་དེའི་ཕར་ངོས་ཀྱི་རི་འདབས་དེ་རུ་སྐྱེ་ཡག་ཉི་མ་རང་ཤར་གྱི་མཁར་ཤུལ་ཞེས་པའི་རྩིག་རྨང་གྲུ་བཞི་ཞིག་གི་རྗེས་ཤུལ་ཡོད་འདུག་ཟེར། ཉིན་དེར་བཀྲ་ཤིས་ཁྲི་གླིང་ཡོད་སའི་ལམ་ཟུར་ནས་འདྲ་པར་ལེན་པ་ཙམ་ལས་དངོས་སུ་རྩིག་རྨང་གི་འགྲམ་དུ་མ་ཐོན་ཡང་། 《སྟག་གཟིག་ནོར་རྫོང》 ལས་གཡས་རི་སྟག་རོང་ལུང་པ། གཡོན་རི་གཟིག་རོང་ལུང་པ། ཞེས་འཁོད་ཡོད་པ་ནི་གཡས་ཀྱི་ཉིན་རི་ཁྲོ་ཐུང་དང་ཨ་ཁུའི་ལུང་པ་ཡིན་པས་དེ་ལྟར་སྟག་རོང་ལུང་པ་ཞེས་མིང་བཏགས་པ་དང་། གཡོན་གྱི་སྲིབ་རི་གཟིག་རོང་ལུང་པ་ཞེས་པ་ནི་སྐྱེ་ཡག་ཉི་མ་རང་ཤར་གྱི་མཁར་ཤུལ་ཡོད་སའི་ལུང་པ་དེ་ལ་གཟིག་ཆེན་དང་གཟིག་ཆུང་ཞེས་ས་མིང་བཏགས་སྲོལ་ཡོད་པས་དེ་ལྟར་འབོད་སྲོལ་ཆགས་པ་རེད་ཟེར། 

     ཁྲོ་ཐང་མདའ་ནས་གཞུང་ལམ་བརྒྱུད་དེ་མར་ཙམ་སོང་དུས། རྨ་བརྡ་ནང་ཞེས་པའི་གྲོང་ཚོ་ཞིག་འདུག་ལ། གྲོང་ཚོ་དེ་རུ་ཨ་ཁུ་ལ་རྩེ་ཞེས་པའི་རི་བོ་ཞིག་དང་། རྨ་བརྡ་ལུང་པའི་འདབས་ནས་འབབ་པའི་ཆུ་བོ་ལ་རྨ་ཆུ་ཞེས་འབོད་སྲོལ་འདུག རྨ་ཆུ་གཡོན་ནས་རྒྱུགས་ས།། ཁྲོ་ཆུ་གཡས་ནས་བཞུར་ས།། རྨ་ལུ་མ་གཉིས་ཀྱི་འདུས་མདོ།། ཞེས་པ་དེ་ནི་ཁྲོ་ཐང་ཁོག་གི་ཁྲོ་ཆུ་དང་རྨ་བརྡ་ནང་པའི་རྨ་ཆུ་འབབ་པའི་ས་དེ་རེད་ཟེར། མདོར་ན་ཁྲོ་ཐང་ཁོག་དང་རྨ་བརྡ་ནང་པའི་བར་དུ་ལེ་བར་མང་པོ་མེད་པའི་ས་མཚམས་ཤིག་ཀྱང་རེད། ཁྲོ་ཐུང་ཁོག་ནས་ཡར་ཙམ་སོང་དུས་གསེར་མཚོ་དང་། གཡུ་མཚོ། དུང་མཚོ་ཞེས་པ་ཁྲོ་ཐང་གི་བླ་མཚོ་དང་། ཨ་ཁུའི་ཕོ་རོག་སྙིང་རྫོང་ཞེས་པའི་མཁར་ཤུལ་སོགས་ཡོད་ཚུལ་བཤད་ཀྱང་ཉིན་དེར་ས་གནས་དེ་དག་ལ་ཐོན་མ་སོང་། 

     དེ་མིན་གེ་སར་མཁར་མགོ་དང་རོང་ཚའི་མཁར་ཤུལ་སོགས་མཇལ་དུ་ཡོད་པར་བཤད་ཀྱང་། ཉིན་གཅིག་ལ་དེ་དག་ལ་འགྲོ་བའི་ཁོམ་པ་མ་བྱུང་བས་འགྲོ་འདོད་ཀྱང་དུས་ཚོད་མི་འདུག་ཅེས་པའི་དཔེ་རུ་འགྱུར་སོང་།  མ་གཞི་ལོ་སྔོན་མར་ཇོ་རུ་དང་རྒྱ་ཚའི་འཁྲུགས་ཡུལ་ཨ་ཕྱུག་ཏུ་ཐེངས་ཁ་ཤས་འགྲོ་སྐབས། ནུ་བོ་རོང་ཚ་དམར་ལེབ་ཀྱི་འཁྲུངས་ཡུལ་སོགས་ལ་བསམ་བློ་མང་བོ་ཞིག་བཏང་བ་ཡིན། ཡིན་ཡང་སྐབས་དེར་ནུ་བོའི་འཁྲུངས་ཡུལ་སོགས་ལ་གླེང་མོལ་བྱེད་མཁན་ཉུང་བས། ལོ་དེར་དེ་ལྟར་ཆ་རྒྱུས་ཆེན་པོ་མེད། ད་ལོ་རྩ་ཤུལ་འགྱུར་མེད་བསྟན་འཛིན་གྱིས་བྲིས་པའི་ཡིད་ལྷུང་ས་གནས་ལས་བྱུང་བའི་གླིང་གི་ལོ་རྒྱུས་དང་འབྲེལ་བའི་ངོ་སྤྲོད་ཞེས་པ་དེའི་ནང་དུ་རོང་ཚ་དང་འབྲེལ་བའི་སྐོར་ཁ་ཤས་འཁོད་འདུག་པས་དེ་ཙམ་གྱིས་ཆོག་པ་བྱས་ནས་ས་གནས་དེ་དག་ལ་ཐོན་མ་སོང་།     



  • ལེ་ཚན་སྔོན་མ།:གནས་ཕུ་གེ་སར་ལྷ་ཁང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།