གསེར་ཧོར་ཤུལ་ཡུལ་གྱི་གེ་སར་རིག་གནས།

གསེར་ཀུན་དགའ།        2019-09-03

གསེར་ཧོར་ཤུལ་ཡུལ་གྱི་གེ་སར་རིག་གནས།

  དེ་ཡང་བོད་མི་རེའི་ཁ་ན་གླིང་རེ་ཞེས་བོད་ཡུལ་སྟོད་སྨད་ཀུན་ན་གླིང་སྒྲུང་རིག་གནས་ཤིན་ཏུ་དར་ཁྱབ་ཆེ་ལ།ལྷག་པར་སྒྲུང་གེ་སར་གྱི་བཤད་རྒྱུན་དར་ཁྱབ་ཆེ། འདི་དག་ནི་རྣམ་པ་ཀུན་ཏུ་ལྷ་སྒྲུང་དང་འཆར་ཡན་རིང་ལུགས། རྟོགས་བཏགས་ཀྱི་བསམ་བློ་གཤའ་མ་ཙམ་མ་ཡིན་པར་འདི་ལས་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་དང་དམག་དོན།ཆབ་སྲིད། འཛུགས་བསྐྲུན་སོགས་མངོན་ཡོད། དེས་ན་དབལ་ཤུལ་གསེར་རྟའི་ཡུལ་ནི་གེ་སར་རྒྱལ་པོའི་རྣམ་ཐར་གྱི་བཤད་རྒྱུན་ཁྱབ་ཆེ་བའི་གནས་མཆོག་ཅིག་ཡིན་ལ།གླིང་རྗེ་གེ་སར་རྒྱལ་པོའི་ལས་བཞིའི་འཕྲིན་ལས་ཀྱི་བྱིན་རླབས་གསེར་རྟའི་འབྲོག་དམངས་ཚང་མའི་སེམས་སུ་ཞུགས་ཡོད།གནས་འདིར་གླིང་གེ་སར་གྱི་རྗེས་ཤུལ་དང་གཏམ་རྒྱུད། སྒྲུང་ལེན། རྡོ་བརྐོས་སྒྱུ་རྩལ་སོགས་རིག་གནས་སྣ་མང་འཛོམས་པས་གེ་སར་རིག་གནས་སྒྱུ་རྩལ་གྱི་འབྱུང་ཡུལ་ཞེས་པའི་མཚན་སྙན་ཐོབ་ཡོད།ཡུལ་འདིའི་གེ་སར་རིག་གནས་ཀྱང་དེའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ལྷག་པར་གསེར་ཧོར་ཤུལ་ནི་གསེར་བའི་ཉི་འབུམ་དར་ཡག་གི་ཚོ་བ་སྐྱོང་ས་དེར་ཁེལ་ཡོད། 

    དང་པོ་གསེར་བའི་ཉི་འབུམ་དར་ཡག་གི་ཕ་ས་ངོ་སྤྲོད་བྱེད་པའི་སྔོན་ལ་ཅི་ནུས་ཀྱིས་གསེར་བའི་ཉི་འབུམ་དར་ཡག་ལགས་ཀྱི་སྐུའི་གདུང་རྒྱུད་དང་ཆ་བྱད་ལང་ཚོ།དཔའ་རྩལ་སོགས་ཡིག་ཚོགས་ཡང་མོའི་སྒོ་ནས་ངོ་སྤྲོད་ཏོག་ཙམ་བགྱིས་ན། སེང་ཆེན་ནོར་བུ་དགྲ་འདུལ་གེ་སར་དམག་གི་རྒྱལ་པོའི་ཕུ་བོ་བཀའ་བློན་དཔའ་བོའི་ཡང་རྩེ།གསེར་བའི་ཉི་འབུམ་དར་ཡག་གི་རིགས་རུས་གདུང་རྒྱུད་ནི། ལྡོང་ཆོས་འཕེན་ནག་པོ་དང་གསེར་བཟའ་གཉིས་ལ་བུ་གསེར་བུ་ལྷ་ཡག་དར་དཀར་འཁྲུངས།ལྷ་ཡག་དར་དཀར་གྱིས་ལྡོང་བཟའ་ཤེར་ལྕམ་ཁབ་ཏུ་བཞེས་པས་ལྷ་སྲས་ཉི་འབུམ་དར་ཡག་འཁྲུངས། ཉི་འབུམ་དར་ཡག་གིས་འཇང་བཟའ་པདྨ་ཆོས་སྒྲོན་བརྟེན་པས་སྲས་གསེར་བའི་བུ་ཆུང་ཐར་ཡག་འཁྲུངས།དེ་ནས་ལྡོང་གི་མ་ཡིག་ལས། གླིང་ཆེ་རྒྱུད་དཔོན་ལ་གདུང་ཆེན་བཞི། །གདུང་ས་ལྕགས་ཁམས་གཉིས་ཕ་ཡི་བླ།།ཤིང་ཆུ་ཁམས་གཉིས་ཏེ་མ་ཡི་བླ། །གདུང་བཞི་ལ་ཆགས་ལུགས་དེ་འདྲ་ཡོད། །ཞེས་པས་གསེར་བའི་ཉི་འབུམ་དར་ཡག་གི་ཡབ་ཡུམ་དང་སྐུའི་གདུང་རྒྱུད་ནི་ལྡོང་ཡིན་པ་གསལ་བོ་ཤེས་ཐུབ།

     ཡང་ཁོང་གི་ཆ་བྱད་དང་ལང་ཚོ་བཤད་ན།གནམ་གླིང་ལུག་རྫོང་ལས། སྲིད་པའི་ཉི་འབུམ་དར་ཡག་ནི་སྐུ་མདོག་དཀར་སྨུག་ཞི་མ་ཁྲོ་དཔའ་བརླིང་བརྗིད་ཉམས་ཀྱིས་རྣམ་པ་མཚོན་ཞིང་།དབུ་རྨོག་འོད་ལྡན་དཀར་པོ་ལ་དར་འཕྲུ་མཛེས་ཆས་རྨ་བྱའི་སྒྲོ་ཐུར་བཙུགས། ཁྲབ་རྗེ་བིག་རྩེའི་སྲོག་རྟེན་ལ་རྒྱ་དར་ཚེ་མདུད་ནོར་བུས་བརྒྱན།རལ་གྲི་ལྷ་བཙན་རེག་གཅོད། །གཞུ་རྒོད་ལྕགས་ཟངས་དགུ་སྦྱོར། །ངར་རྒོད་མདའ་རབ་བདུན་ཅུ། །མདུང་མོ་སྤུ་གྲི་རྩེ་གསུམ།།ལྷ་ཞགས་སྤྲིན་གོས་མདངས་འཕྲོག ། ཕུབ་མོ་གྱད་ཆེན་སྟོབས་འགོག ། དཔའ་ཆས་དུག་ཚེར་འདུ་བ་དེ་སྐུ་ལ་རྫོགས་ཏེ་མདོ་ཆེན་གསེར་བྱ་ལྷིང་ཤིས་ལ་བཅིབ་ནས་ཆས་སོ།། ལྟ་བུའོ། །

     གཞན་ཡང་ཁོང་གི་དཔའ་རྩལ་གྱི་ཁྱད་ཆོས་སྐོར་ལ།འཛམ་གླིང་སྤྱི་བསང་ལས། གླིང་དཔལ་ཐུལ་མི་སེར་རྟ་སེར་ཅན། །སྟེང་མི་ཕོ་གསེར་པའི་ཉི་འབུམ་རེད།།མཐོ་རི་བོ་འཕེན་པའི་དཔུང་ཤོད་ཡོད། །གླིང་གསེར་པ་ཤོག་གི་སྒར་དཔོན་རེད། །ཆིབས་རྟ་མཆོག་ངང་བ་གསེར་མགོ་རེད།།ཅེས་ཁོང་གི་སྐུ་ལུས་ཆེ་ལ་འགྲན་བྲལ་གྱི་སྟོབས་དང་ལྡན་པ། རི་ནུབ་ལས། མི་ཆེན་མགོ་པོ་ཆེ་ལུགས་ལ།།ཁྲབ་ཆེན་བེར་གྱི་མི་འཐུམ་ལེ། །འདོ་བ་རྟ་ཡིས་མི་དྲོངས་ལེ། །མཛུབ་མོའི་རུས་ཚིག་རེ་རེ་ནི།།བྱིས་པ་ལོ་བརྒྱད་ལངས་པ་འདྲ། །གཡས་ན་གསེར་གྱི་འཁོར་ལོ་བསྣམས། །གཡོན་ན་ཤེལ་དཀར་ཕྲེང་བ་འཛིན།།ཁོང་གི་ཁྲབ་ལ་གསེར་ཁྲབ་སྲོག་མཁར་རྫོང་ཆེན་དང་། གསེར་རྨོག་ཉི་མའི་འོད་སྣང་དང་རལ་གྲི་གངས་དཀར་རྩེ་གསུམ་ཞེས་ཟེར་རོ།།

     དེ་ནས་ཁོང་གིས་ཞི་དྲག་ཐབས་མཁས་ཀྱིས་གསེར་ཡུལ་རོང་འབྲོག་གི་ཆབ་འབངས་མངའ་ཐང་རྒྱ་བསྐྱེད་དེ།ཕྱུགས་དཀར་ནག་རི་ལ་བཀྲམ་པའི་འབྲོག་ཁྲི་སྡེ་བཞི་དང་། ཞིང་འབྲུ་དྲུག་གཞུང་ལ་རྒྱས་པའི་རོང་ཁྲི་སྡེ་བཞི་སྟེ།གསེར་གླིང་ཁྲི་སྡེ་བརྒྱད་མདོ་ཁམས་གཞུང་ཆེན་བརྒྱད་ལ་ཆགས། དེ་ལྟ་བུའི་སྡེ་ཆེན་པོ་ཁྲི་སྡེ་བརྒྱད་ཀྱི་མངའ་བདག་གསེར་བའི་ཉི་འབུམ་དར་ཡག་གི་སྐུ་མཁར་ཆུ་རུ་གནམ་རྫོང་དུ་གྲགས་པ་ནི་གནས་འདིའི་གནས་རི་བྱིན་ལྡན་གསེར་རྔ་ལ་སྟག་རྩེ་ནགས་བྲག་གཉིས་ཀྱི་ཁུག་སོ་ན་ཡོད་ལ།འཛམ་གླིང་ས་བཤད་ལས། བྲག་དམར་ལས་ཀྱི་ཁུག་སོ་ན། །གསེར་མཁར་ཆུ་རི་གནམ་རྫོང་ཡོད། །དེ་ན་དཔའ་རྒོད་ཡང་ཐུལ་ལ།།གསེར་བའི་ཉི་འབུམ་དར་ཡག་བཞུགས། །ཞེས་པ་ལྟར་རོ།། ཡང་འཇིགས་བྲལ་སྦས་པའི་རྡོ་རྗེའི་དགོང་གཏེར།སྐུ་འཁྲུངས་བདུད་དཔུང་ཐིལ་གནོན་ལས། ཕུ་རྫ་ཆེན་མཆོང་རི་གནམ་ཟུག་འདྲ། །བར་སྤང་ལྗོངས་མེ་ཏོག་བཀྲགས་མདངས་འབར།།སྨད་ནགས་རྫོང་ཤུག་ལོའི་ཕ་ཕུང་བསྐྱོད། །དཔོན་འབངས་སྡེ་སྐྱིད་པའི་ཡངས་མཐའ་ཡིན། །དཔུང་ཤེད་ཆེན་འདུག་པའི་ས་གཅིག་ཡིན།།ཞེས་རྟགས་མཚུངས་གསལ་བོར་བསྟན་པ། རྗེས་ཤུལ་དེ་དག་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཐུབ།དེས་ན་གནས་འདི་ནི་གསེར་བའི་ཉི་འབུམ་དར་ཡག་གི་ཕ་ས་རྩོད་མེད་དེ་ཡིན་ལ། དེ་ཡིན་པའི་བདེན་དཔང་གཡོལ་དུ་མེད་པ་གཅིག་ཡང་གསེར་བའི་ཉི་འབུམ་དར་ཡག་གི་ཡང་སྲིད་འཛིན་པ་འདྲེ་ཚེ་སྤྲུལ་སྐུ་བདུད་འདུལ་རྡོ་རྗེ་ཉིད་དེང་གི་ཧོར་ཤུལ་ཉི་འབུམ་གྱི་མཁར་ཤུལ་དང་ཉེ་ཕྱོགས།གསེར་སྙི་གཉིས་ཀྱི་རྒང་རྒྱུད་དུ་བྱོན་སྐབས། ཁོང་གིས་སྔོན་གནས་རྗེས་དྲན་གྱིས་སྔར་ང་རང་ཉི་འབུམ་དར་ཡག་ཡིན་སྐབས་ཤིག་ལ་སྒང་རྒྱུད་འདི་བརྒྱུད་ནས་འགྲོ་སྐབས།གླིང་གི་མ་སྨན་ནས་ཆུང་རྫི་བོ་ཡོད་པ་དང་འཕྲད། མོའི་དངུལ་འགུག་རྩེད་མོའི་ཚུལ་གྱིས་བླངས་ནས་རྡོ་ནང་འཇོང་དབྱིབས་ཅན་ཞིག་གི་ནང་དུ་བཞག་སྟེ་སྟེང་དུ་རྡོ་ཞིག་གིས་བཀབ་ནས་སོང་བ་དྲན་འདུགདེ་རིང་དེ་བཙལ་དགོས་ཞེས་གྲྭ་པ་རྣམས་ལ་བསྐུལ་བར་དཀའ་ཚེགས་མེད་པར་སྔར་བཞག་གི་རྡོ་ངོས་བཟུང་ཏེ་དངུལ་འགུག་བཏོན་པས་གྲྭ་འཁོར་རྣམས་ངོ་མཚར་སྐྱེས།དེ་ནི་ལྡོག་ཏུ་མི་བཏུབ་པའི་བདེན་དཔང་ཡིད་སྟོན་རུང་བ་ཞིག་ཡིན། ཡང་ཆོས་རྗེ་དམ་པ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་ལགས་ཀྱི་ཞལ་སྔ་ལས་ཀྱང་།གནས་འདི་ནི་གསེར་བའི་ཉི་འབུམ་དར་ཡག་གི་སྐུ་སྲས་བུ་ཆུང་ཐར་ཡག་གི་མཁར་ཤུལ་ཡིན་ཚུལ་གྱི་གསུང་སྒྲོས་གནང་མྱོང་ཡོད་པ་རྒྱལ་ཁབ་རིམ་པའི་གེ་སར་ཆེད་མཁས་པ་རྒན་ཞི་ཆུང་ལགས་ཀྱི་ངག་ནས་ཡང་ཡང་ཐོས།

     དེ་ལས་གཞན་གནས་འདིའི་ནགས་ཐུང་ལུང་པ་ན་གཞི་ཆེན་བྲག་ཞེས་པ་རུ་གེ་སར་རྒྱལ་པོ་གཞུ་མོ་ར་རྒོད་འཁྱིལ་བ་གཏེར་དུ་སྦས་པ་གཞུ་མོ་བྲག་དམར་གྱི་ངོ་ན་འབུར་དོད་དུ་ཐོན་པ་མངོན་གསལ་དུ་འདུག  ཡང་གནས་འདིའི་ཤར་ཕྱོགས་སྙེག་གི་ཨ་ལྕགས་མདོ་རུ་ཆེ་རྒྱུད་དཔའ་རྒོད་རྣམ་བཞིའི་ཡང་རྩེ་ཨ་འབུར་བུ་ཡི་འཕེན་རྟགས་ཀྱི་སྐུ་མཁར་གྱི་རྗེས་ཤུལ་གསལ་བོ་ཡོད།ཡང་སྙེག་གི་རྡོ་ཚ་རིལ་ལེ་ན་ཉི་འབུམ་དར་ཡག་གི་འབྲོག་པའི་དགུན་རའི་ཤུལ་གསལ་བོར་ཡོད། དེ་དག་གིས་ཕྱིར་ན་གནས་འདི་ནི་གེ་སར་རིག་གནས་ཀྱི་ལྟེ་བ་རུ་གྱུར་ཡོད།


  • ལེ་ཚན་སྔོན་མ།:གཙང་སྟོད་སྨད་ས་ཆའི་གླིང་གེ་སར་དང་འབྲེལ་བའི་བཤད་རྒྱུན་དང་རྗེས་ཤུལ་སྐོར་ཅུང་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ།
  • དོ་སྣང་ཆེ་བའི་རྩོམ།