《ཡུལ་ཤུལ་རི་ཆུ་རིག་གནས》ལས་བཏུས། 2016-03-30
དེ་ཡང་འཛམ་གླིང་གོ་ལའི་ཡང་རྩེ་གྲུ་བཞི་ས་ཡི་ལྟེ་བ། ཆུ་བོ་གྲགས་ཅན་འབྲི་ཟླ་རྨ་གསུམ་འབྱུང་ཡུལ་གྱི་དབུས་སུ་ཡོད་པའི་ཁམས་ཡུལ་ཤུལ་ནི་ལྐོག་འགྱུར་དང་ངོ་མཚར། ཁྱད་འཕགས་ཅན་གྱི་ཡུལ་ཁམས་ཤིག་ཡིན་པ་དང། ས་དེའི་སྐྱེ་བོ་རྣམས་ཀྱིས་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་དུ་མཚན་སྙན་གྱི་བ་དན་སྲིད་གསུམ་གྱི་རྩེར་གཡོ་བཞིན་པའི་རླབས་ཆེན་གྱི་དཔའ་བོའི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གེ་སར་སྒྲུང་འདི་མི་རབས་ནས་མི་རབས་བརྒྱུད་དེ་རྒྱུན་སྐྱོང་གསར་གཏོད་ཀྱིས་འཕེལ་རྒྱས་སུ་བཏང་བ་རེད།
གནའ་སྔ་མོ་ནས་གནས་འདི་རུ་གེ་སར་སྒྲུང་གི་སྒྲུང་དཔེའི་སྣ་ཁ་མང་ཞིང་ཤུལ་རྟེན་ཕུན་སུམ་ཚོགས་པ་ཡོད་པ་དང། གེ་སར་སྒྲུང་བཤད་མཁན་དང་འཆམ་མཁན་གྲངས་ལས་འདས་པ་ཞིག་བྱུང་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རོ། ། ས་གཡང་གི་གཏེར་ཁ་ཕྱོགས་ཡོངས་སུ་ཁྱབ་པའི་གནས་མཆོག་འདི་རུ་བཤད་ན་ཚར་རྒྱུ་མེད་པའི་འབབ་སྒྲུང་པ་ཟླ་བ་གྲགས་པ་དང་ཚེ་རིང་བསོད་ནམས། པྲ་སྒྲུང་པ་བསྟན་པ་རྒྱལ་མཚན་སོགས་མང་པོ་ཡོད་ཅིང་། ལག་གིས་བྲིས་ན་འཛད་རྒྱུ་མེད་པའི་བརྒྱུད་སྒྲུང་མཁན་བུ་ཐུབ་དགའ་དང་ཆོས་སྐྱོང་བཀྲ་ཤིས་སོགས་མང་པོ་ཡོད་པས། ཁོ་ཚོ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་གསར་གཏོད་མཁན་ཡིན་ལ་རྒྱུད་འཛིན་བྱེད་མཁན་ཡང་རེད།
ཁམས་ཡུལ་ཤུལ་ས་ཁུལ་ནི་ལོ་རྒྱུས་སྙན་རྩོམ་རིང་མོ་དར་ཁྱབ་ཧ་ཅང་ཆེ་བའི་ས་ཆ་ཞིག་ཡིན་ཞིང། གེ་སར་སྒྲུང་ཞེས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འདིའི་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་ལགས། ས་ཆ་འདིར་འཚོ་བཞིན་པའི་སྐྱེ་བོ་ཚང་མས་གེ་སར་སྒྲུང་མི་ཤེས་མཁན་གཅིག་ཀྱང་མེད་པ་དང། ཀ་ངོ་ཁ་ངོ་ཤེས་མཁན་ཙམ་ཞིག་ཡིན་ན་སྒྲུང་འདོན་ཤེས་ཤིང་གླུ་རེ་གཉིས་དང་ལེའུ་ཁ་ཤས་རེ་བློ་ལས་བཤད་ཐུབ། ཡིག་ངོ་ཆོད་མཁན་གྱི་ཁྱིམ་ཚང་ཞིག་ཡིན་ན་གེ་སར་སྒྲུང་དེབ་རེ་གཉིས་ཉར་ཚགས་བྱས་ཡོད་ཅིང་ཁོམ་པ་ནམ་ཡོད་ན་འདོན་བཞིན་ཡོད་པ་རེད། ལྷག་པར་གཞོན་ནུ་ཚོས་ཕྱུགས་འཚོ་བ་དང་བྲོ་རྩེད་སྐབས་སུ་གེ་སར་སྒྲུང་འདོན་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཡིན་པ་དང། ཁྱིམ་ཚང་རེའི་ཁྱིམ་ཕུགས་སུ་གེ་སར་སྒྲུང་རེ་མཆོད་བཤམས་སུ་འབུལ་པ་ནི་ཡུལ་ཤུལ་པའི་ལུགས་སྲོལ་དུ་གྲུབ་ཡོད།
ཁམས་ཡུལ་ཤུལ་ཡང་གེ་སར་སྒྲུང་སྔོག་འདོན་དང་དག་སྒྲིག ལོ་ཙཱ། པར་སྐྲུན། ཞིབ་འཇུག་སོགས་ཀྱི་བྱ་བ་སྤེལ་པ་སྔ་ཤོས་གྲས་ཀྱི་གཅིག་ཡིན་ཞིང། གེ་སར་རིག་གནས་ཀྱི་འབྱུང་ཁུངས་ལྟ་བུ་ཡིན་པར་མ་ཟད་དར་ཁྱབ་ཆེན་པོར་སོང་ཡོད། རྒྱལ་ཁབ་དབུ་བརྙེས་པ་ནས་བཟུང་ཏང་དང་རྒྱལ་ཁབ་ཀྱིས་གེ་སར་སྒྲུང་མྱུར་སྐྱོབ་དང་སྲུང་སྐྱོང་གི་བྱ་བར་ཚད་མཐོས་མཐོང་ཆེན་གནང་པར་མ་ཟད། ད་དུང་རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་གི་ལས་གཞིར་བཞག་སྟེ་ལས་དོན་འབོར་ཆེན་བསྒྲུབས་ཤིང་གྲུབ་འབྲས་མངོན་གསལ་དོད་པོ་བླངས་ཡོད་པ་སུས་ཀྱང་བསྙོན་དུ་མེད།
གཅིག སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་འཁྲུངས་ཡུལ་ཁྲ་གཞུང་།
གནས་འདི་ནི་སྟོན་པ་སངས་རྒྱས་ཀྱི་ཆོས་དར་ས་དང་བསྟན་པ་ལུང་རྟོགས་ཀྱི་སྡེ་རྒྱས་ས་ཡིན། གནས་འདི་ནི་བསྟན་འཛིན་དགེ་འདུན་གྱི་དཔུང་མཐུག་ས་ཡིན་ལ་བསྟན་པའི་སྦྱིན་བདག་གི་ལོངས་སྤྱོད་ཆེ་ས་ཡིན། གནས་འདི་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་འཁྲུངས་ཡུལ་ཡིན་ལ་འཚར་ཡུལ་དང་འདས་ཡུལ་ཡང་ཡིན། གནས་འདི་ནི་གླིང་ཁྲ་མོའི་ས་བགོ་རྒྱག་སྐབས་ཕ་ཁུ་ནང་གི་ཆེ་རབས་ཁུ་བོ་སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་འདེམ་དུ་བཅུག་པའི་ཡུལ་ཡང་ཡིན་ལ་ཁོང་གིས་བདམས་པའི་ཡུལ་ཡང་ཡིན། གནས་འདི་ནི་ན་དམར་གཞུང་གི་མཐའ་རྒྱ་ཆེ་ས་ཡིན་ལ་སེར་ཆེན་སྤང་གི་མེ་ཏོག་བཀྲ་སའང་ཡིན། གནས་འདི་ནི་དྭངས་ཤིང་གཙང་བའི་མཁའ་དབུགས་རྒྱུ་ས་ཡིན་ལ་མཛེས་ཤིང་སྡུག་པའི་གཡུ་ལོ་སྣ་ཚོགས་འཁྲུངས་སའང་ཡིན། གནས་འདི་ནི་སྦྲ་ནག་གྲུ་བཞིའི་ཁ་རྒྱ་ཆེ་ས་ཡིན་ལ་དཀར་ནག་ཕྱུགས་རིགས་ཀྱི་ཁྱུ་རྒྱ་ཆེ་སའང་ཡིན། གནས་འདི་ནི་ཁེབས་ཆེན་དཔོན་པོའི་འོག་སྡེ་སྐྱོང་ས་ཡིན་ལ་བུ་རྟ་གཉིས་ཀྱི་དབུ་རྨོག་དགུང་བས་ཀྱང་མཐོ་སའང་ཡིན། གནས་འདི་ནི་ན་ཆུང་བུ་མོའི་སྐྱེ་གཟུགས་མཚར་ས་ཡིན་ལ་མཛངས་དྲུག་སྨན་མོའི་ལས་སྤུས་དག་སའང་ཡིན།
དེ་ལྟ་བུའི་གནས་འདིའི་ཁྱད་ཆོས་མུ་དང་མཐའ་མི་རིག་ནའང་དེ་ཙམ་གྱིས་སྤྱི་བཤད་འཐུས་པར་བྱས་ནས་ད་ནི་དཀྱུས་སུ་འཇུག་པར་བྱ་སྟེ། དང་པོ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་འཁྲུངས་ཡུལ་དངོས་ཁྲ་གཞུང་སའི་གྲུབ་ཚུལ་བཤད་པ་ལ། དེའང་མཁས་གྲུབ་མང་པོའི་ཞལ་རྒྱུན་དང་མཐུན་པར། ནང་ཆེན་སྒྲུང་པ་ལྷ་དབང་རིག་འཛིན་ལ། ལོ་ཉིས་བརྒྱའི་སྔོན་ལ་བབས་པའི་གནའ་སྒྲུང་ཧོར་གླིང་གཡུལ་འགྱེད་དང་། སྲིན་གླིང་དག་ལས། ཕར་རི་ཁྲ་ལ་ཚུར་རི་རྫ། ། ཁྲ་རྫ་གཉིས་ཀྱི་བར་སྒང་ན། ། ཁྲ་སྡོམ་སྟག་མོ་འདུས་མདོ་ཆགས། ། ཁྲ་སྟོད་ནམ་མཁའ་ལངས་འདྲ་ཡོད། ། ཁྲ་སྨད་མུན་ཆུ་རུབ་འདྲ་ཡོད། ། ཁྲ་ཕས་ཀི་ཀི་ཟེར་ས་རེད། ། ཁྲ་མས་བསྭོ་བསྭོ་ཟེར་ས་རེད། ། ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་རེད། ། ཁྲ་སྟོད་གནམ་རྫོང་ཕྱུག་མོ་རུ། ། ང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཡོད། ། ཁྲ་རྒན་མིང་དུ་ཐོགས་དོན་ནི། ། ཁྲ་དང་འདྲ་བས་ཁྲ་རྒན་ཟེར། ། ཞེས་གསུངས་པ་བཞིན། དཔོན་མིང་ས་ལ་ཐོགས་པས་ཁྲ་ཁོག་གམ་ཁྲ་གཞུང་ཟེར། ཡུལ་དེའི་ཕུ་ལ་ཁྲ་ཕུ་འཛམ་གླིང་ལ་ཁ་དང་། སྟོད་ལ་ཁྲ་སྟོད། སྨད་ལ་ཁྲ་སྨད། སྡེ་ལ་ཁྲ་སྡེ། ཆུ་ལ་ཁྲ་ཆུ། མཁར་ལ་ཁྲ་མཁར། དཔོན་ལ་ཁྲ་རྒན་ཞེས་གང་ཟག་གི་མིང་གནས་ཡུལ་ལ་ཆགས་པས་དེ་ལྟར་དུ་འབོད། དེ་ལྟར་ས་མིང་དངོས་དང་སྒྲུང་དཔེ་གཅིག་མཚུངས་སུ་ར་སྤྲོད་པ་ནི། དེང་གི་དུས་སུ་ཁྲ་ཁོག་ཅེས་སུ་གྲགས་པའི་ཡུལ་གྲུ་ཆེན་མོ་འདི་ཉིད་ཡིན་ལ། ཕུ་ཡི་རི་བོ་མཐོ་བརྗིད་ནམ་མཁའ་ལ་བསྙེགས་པའི་རི་རྩ་བ་གཅིག་ལ་རྩེ་མོ་གཉིས་གྱེས་པའི་གཅིག་གི་མིང་ལ་དཀར་ལི་ལྷ་རྩེར་འབོད་ལ་གཅིག་ཤོས་ཀྱི་མིང་ལ་ཁྲ་ཕུ་གནམ་རྫོང་ཕྱུག་མོ་ཞེས་ཟེར། དེའི་འོག་ན་ཉག་ཅིག་ཡོད་པ་ལ་ཁྲ་ཕུ་འཛམ་གླིང་ལ་ཁ་ཞེས་སུ་འབོད། དེ་ནི་ཁྲ་མཁར་གནམ་རྫོང་ཕྱུག་མོའི་སྒོ་རྩ་ཡིན། ཁྲ་ཕུ་གནམ་རྫོང་ཕྱུག་མོའི་ཞོལ་དུ་སྤྱི་དཔོན་རོང་ཚ་ཁྲ་རྒན་ཁོང་འཚར་ལོངས་བྱུང་སྐབས་བཏབ་པའི་གཞིས་ཀ་ཡོད་པ་ལ། དེའི་མིང་ལ་ཁྲ་མཁར་གནམ་རྫོང་ཕྱུག་མོ་ཟེར། སྒོ་རྩ་དེ་ལ་ཕ་བོང་ཆུང་ཆུང་གསུམ་གྱི་ཐོག་ལ་ངོ་མཚར་ཆེ་བའི་རྡོ་ལེབ་ཞིག་བཞག་ཡོད། དེ་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་ལགས་ཀྱི་བསང་གི་མཆོད་སྤྲིན་ཕུལ་ས་ཡིན། དེ་ནས་རིའི་ངོས་སུ་བྲག་ཁྲིགས་བཅུ་གསུམ་ཡོད་ལ་དེ་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་ཚང་གི་སྒོ་ཐེམ་ཡིན། བྲག་ཁྲིགས་མ་རེའི་མཐོ་ཚད་ལ་ད་ལྟའི་མིའི་ལུས་ཚད་ཙམ་རེ་ཡོད། དེའི་སྟེང་གི་བྲག་ངོས་ལ་ལྷ་སྐུ་རང་བྱོན་མང་དུ་ཡོད་པ་ལ་མཐོང་ཚུལ་མི་འདྲ་བ་དུ་མ་ཞིག་འབྱུང་སྟེ། འགའ་རེས་འཇམ་པའི་དབྱངས་དང་འགའ་རེས་ཛམྦྷ་ལར་མཇལ་བར་གྲགས། དེའི་ཟུར་དུ་བྲག་ཁུང་ཞིག་ཡོད་པ་དེའི་ནང་ལ་བལྟས་ན་ཀླུའི་ནགས་ཚལ་སོགས་ཡུལ་ལྗོངས་མང་པོ་ཞིག་རིག་རྒྱུ་མཐོང་རྒྱུ་ཡོད། དེའི་སྟེང་ཕྱོགས་ནི་ཧ་ཅང་མཐོ་ཆེ་བས་མི་ཞིག་སོང་ན་འཐོར་རླུང་གིས་ཁྱེར་མི་འགྲོའམ་སྙམ་པ་དང་དབུགས་འབྱིན་རྔུབ་སོགས་བྱེད་དཀའ་བས་རང་གའི་མི་ཞིག་འགྲོ་ཐུབ་དཀའ། གེ་སར་སྒྲུང་གི་ཞིབ་འཇུག་ཆེད་ལས་མཁས་པ་གཅོད་པ་དོན་གྲུབ་ཀྱིས་ཀྱང་། རྫོང་མཁར་འདི་མ་ཆགས་པའི་གོང་། སྤྱི་དཔོན་མ་སྨད་གཉིས་བཞུགས་སའི་ཕོ་བྲང་ལ་རྫོང་མཁར་དཀར་མོ་གཤོག་དྲུག་ཟེར་ཞིང་། སྤྱིར་རྫོང་མཁར་དེའི་ཆགས་དབྱིབས་ཤིན་ཏུ་ལེགས་ནའང་ཁོང་ནར་ཅུང་མ་སོན་པའི་སྐབས་ཞིག་རལ་དུ་སོང་ནས་ལྟ་མི་བཟོད་པ་ཙམ་དུ་གྱུར་ཡོད་པས། རྗེས་སུ་སྤྱི་དཔོན་ཁྲ་རྒན་གང་ཉིད་ནར་སོན་ཏེ་དགུང་ལོ་བཅུ་གསུམ་བཞེས་པའི་དུས་སུ། རྫོང་མཁར་དཀར་མོ་གཤོག་དྲུག་གི་མདུན་རིའི་སྟེང་དུ་བུད་དེ་ཁྲ་ཁོག་གི་ཆགས་ཚུལ་ལ་གཟིགས་ཞིབ་གནང་ཚེ། ད་ལྟའི་ཁྲ་མཁར་ཡོད་ས་དེར་སའི་དཔྱད་པ་མཐའ་དག་ཡོངས་སུ་རྫོགས་པ། ཤར་གྱི་རི་ལ་བལྟས་ན་རྩྭ་རྩི་ཐོག་འཇའ་མཚོན་ཤར་འདྲ། ལྷོ་ཡི་རི་ལ་བལྟས་ན་དཔྱིད་མེ་ཏོག་སླད་ནས་བཞད་འདྲ། ནུབ་ཀྱི་རི་ལ་བལྟས་ན་ཁྲ་རྒོད་པོ་གནམ་ལ་ལྡིང་འདྲ། བྱང་གི་རི་ལ་བལྟས་ན་ཁྲ་ཕྲུག་སྟོང་གི་གཤོག་པ་རྡེབ་འདྲ། ཡུལ་དེའི་སྟོད་སྨད་གཉིས་ཀྱི་ས་མཚམས་སུ་བལྟས་ན་རྒྱ་སྟག་ངར་མས་ཟུར་ལྟ་བྱེད་འདྲ། སྡེར་བཞི་ས་ལ་འདྲད་འདྲ། སྡང་དགྲ་དམ་ལ་བཏགས་འདྲ། འབྲུག་ཕོ་ཐོང་ཀླད་ལ་ལྡིང་འདྲ། སེང་དཀར་མོ་གངས་ལ་འགྱིང་འདྲའི་ཡུལ་ཡིད་དུ་འོང་བ་ཞིག་ཏུ་མཐོང་ནས། ཁོང་གིས་དགོངས་པ་ལ་གནས་འདིར་རྫོང་མཁར་གཞན་དང་མི་མཚུངས་པ་ཞིག་བཞེངས་ན་སྙམ་ནས་རང་གི་སྤུན་ཨ་ཁུ་ཁྲོ་ཐུང་དང་གྲོས་བསྡུར་ཏེ། སྟོད་ནས་རྒྱ་གར་འཕགས་པའི་ཡུལ་དང་སྨད་ནས་རྒྱ་ནག་སྟོང་ཁུན་གྱི་ཡུལ། བར་བལ་པོ་དང་བོད་དབུས་གཙང་སོགས་ཀྱི་ཡུལ་ཁ་ནས་བཟོ་རིག་གི་ལག་ཤེས་ཕུལ་དུ་བྱུང་བ་དག་གདན་འདྲེན་ཞུས་ཏེ། དཔེར་ན། ཕོ་བྲང་ཆེན་པོ་པོ་ཏ་ལ་བཞེངས་པ་ཇི་བཞིན་དུ་མཁར་རྫོང་འདི་ཉིད་ཀྱང་བཞེངས་པར་གྲགས་ལ། རྡོ་ལའང་མི་གཅིག་གསེར་རྡོ་དང་དངུལ་རྡོ་དང་རག་རྡོ་གཡུ་རྡོ་སོགས་ཀྱིས་ཁྲ་མཁར་གནམ་རྫོང་ཕྱུག་མོ་འདི་ཉིད་ཐོག་རྩེག་སོ་དྲུག་པ་དེའི་ཀླད་དུ་མཆོད་ཁང་གཞལ་དུ་མེད་པ་བཅས་བཞེངས་པར་མཛད། མཆོད་ཁང་དེའི་ནང་དུ་སྤྱི་དཔོན་གྱིས་བཞེངས་པའི་གསེར་འབུམ་ཉི་མ་རང་ཤར། དུང་འབུམ་གངས་རི་འགྱིང་འདྲ། གཡུ་འབུམ་རྒྱ་མཚོ་འཁྱིལ་འདྲ་དང་། གཙུག་ལག་ཁང་དེའི་ཀ་སྐེད་ཡན་ཆད་གསེར་གྱིས་བརྒྱན་པ། ཀ་སྐེད་མན་ཆད་དངུལ་གྱིས་སྤྲས་པ། བར་མཚམས་སུ་སྟག་སེང་འགྱིང་བ། གཞན་རྟགས་དང་མཚན་མ་མི་གཅིག་པ་རྣམ་པ་སྣ་ཚོགས་པ་ཞིག་བཞེངས་ཡོད་ཅེས་གསུངས་པ་ལྟར། ཁྲ་མཁར་གནམ་རྫོང་ཕྱུག་མོ་ཞེས་པའི་མཁར་འདི་ཉིད་སྒྲུང་གཏམ་དང་ད་ལྟའི་ས་གཤིས་གཉིས་གུང་ཤིན་ཏུ་མཐུན་ཞིང་། གསར་བཟོ་རྙིང་བཅོས་མི་དགོས་པར་གདོད་ནས་གྲུབ་པའི་སའི་མིང་ལ་ཆགས་པས། ད་ལྟའི་དུས་སུ་འདི་དང་འདི་ཡིན་ཞེས་མངོན་སུམ་ཚད་མའི་ཡུལ་དུ་གྲུབ་པ་འདི་བཞིན་ལགས། སྒ་ཁྲི་འདུ་རྫོང་ཁོངས་ཀྱི་ཁྲ་གཞུང་ན་ཡོད་པའི་ཁྲ་མཁར་གནམ་རྫོང་ཕྱུག་མོའི་ཤུལ་ཡོད་སར། ཚད་མའི་སྐྱེས་བུ་ཆེན་པོ་མཁན་ཆེན་ཐམས་ཅད་མཁྱེན་པ། འཇིགས་མེད་ཕུན་ཚོགས་འབྱུང་གནས་ཞབས་དང་གཞན་སྐྱེས་ཆེན་མང་པོ་ཞིག་གནས་དེར་བྱོན་ནས། ཁྲ་མཁར་གྱི་ཤུལ་ནི་འདི་ཡིན་ཞེས་དང་སྒོའི་རྨང་ནི་འདི་ཡིན་ཞེས་གསལ་པོར་ངོས་འཛིན་མཛད་དེ། བསང་དང་རླུང་རྟ་རྒྱ་ཆེར་མཛད། དེ་ལྟར་ཁྲ་རྒན་གྱི་སྡེ་ལ་སྡེ་མིང་དང་རྫོང་ལ་རྫོང་མིང་། དཔོན་ལ་དཔོན་མིང་མ་འགྱུར་བ་ཡོད་པས་སུས་ཀྱང་རིན་བྲལ་གྱི་ལོ་རྒྱུས་འདི་ཉིད་བསུབ་ཏུ་མེད། ཁྲ་གཞུང་ལའང་སྟོད་སྨད་བར་གསུམ་དུ་ཡོད་པར་མ་ཟད། ཉིན་སྲིབ་གཉིས་སོགས་ཡོད་པའི་ས་མིང་དངོས་ནི། ཁྲ་ཕུ་དང་འབྲེལ་མཚམས་ཀྱི་སྲིབ་རྒྱབ་ལུང་ཞོལ་དུ་སོ་རིང་སོ་ཐུང་ཞེས་པའི་ས་ཆ་དེའི་མིང་ཐོགས་དོན་ནི། སྤྱི་དཔོན་ཁྲ་རྒན་གྱིས་སྒྲིག་འཛུགས་མཛད་པའི་ཕྱི་དགྲ་འགོག་སྲུང་གི་སོ་ལྟ་ཕྱི་ནང་གཉིས་ཡོད་པས་ན་ས་དེའི་མིང་ལ་ད་ལྟའི་དུས་སུའང་སོ་རིང་དང་སོ་ཐུང་ཞེས་སུ་འབོད། དེའི་འབྲེལ་མཚམས་ཀྱི་ས་ལའང་གཡས་ལུང་དང་གཡོན་ལུང་ཞེས་པའི་ལུང་བ་གཉིས་ཡོད་པ་ལས། གཡས་ལུང་ལ་སྣང་ཆུང་ནང་ཞེས་འབོད་ལ་གཡོན་ལུང་ལ་ཁྲ་ཕུ་ཟེར། སའི་མིང་ལ་དེ་ལྟར་འབོད་དགོས་དོན་ནི། ལུང་པ་དེར་སྣང་ཆུང་དེའུ་འབུར་ཞེས་པ་ཞིག་ཡོད་ལ་འགའ་རེས་སྣང་ཆུང་རྡེའུ་འབུམ་ཡང་ཟེར། གང་ལྟར་ནའང་དེ་ནི་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱི་སྐུའི་སྲས་སྣང་ཆུང་གཡུ་ཡི་མེ་ཏོག་གི་གདུང་འབུམ་ཡིན་པའི་ཕྱིར་ན་དེ་ལྟར་གྲགས། སྣང་ཆུང་ཕུ་ལ་དེའུ་འབུར་གསུམ་ཡོད་པའི་དཀྱིལ་མའི་གཡས་དེའུ་མདའ་དང་གཡོན་དེའུ་གཞུ་ཡིན། དེའི་འབྲེལ་མཚམས་དེ་ནས་སྲིབ་ལུང་ལ་ཁྲ་ལ་ལ་རྒན་ཟེར་བ་ནི་མདོ་སྟོད་སྨད་དབུས་སུ་འགྲོ་བའི་ལམ་ཆེན་ཡིན། དེའི་འབྲེལ་མཚམས་ལ་ཁྲ་ལ་ཀ་ཧཱ་ཟེར་བ་དེ་ནི་སྤྱི་དཔོན་གྱི་གཡོག་ག་ལུ་མ་ཡི་འདུག་གནས་ཡིན། ལ་ལས་བཤད་ཚུལ་ལ། ཀ་ཧཱ་ཟེར་དོན་ནི། འབྲོག་པ་ཚོའི་སྦྲའི་ཀ་མགོར་བསྒྲིགས་ནས་ཡོད་པའི་གཉའ་རུས་དེ་ལ་ཀ་ཧཱ་ཟེར་ལ་དེ་དང་འདྲ་བའི་ཆ་ནས་ཉག་དེ་ལ་ཁྲ་ལ་ཀ་ཧཱ་ཞེས་སུ་བཏགས་པ་ཡིན་ནོ་ཟེར། དེའི་འབྲེལ་མཚམས་སུ་ལུང་པ་གཉིས་ཡོད་པ་ལ། འུག་ཚང་གོང་འོག་ཟེར། དེའི་དོན་ནི། སྔ་འགྱུར་རྙིང་མའི་དགོན་པ་དག་གི་བཀའ་སྲུང་གཙན་རྒོད་ཇག་པ་མེ་ལེན་ཞེས་པ། གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཁོང་དམག་ལ་སོགས་པ་ལ་འགྲོ་སྐབས་སུ་མཆོད་གནས་ཡིན་པ་ལ། ཇག་པ་མེ་ལེན་དེའི་བླ་བྱ་ནི་འུག་པ་ཡིན་པས་སྲུང་མར་བསྟེན་སའི་གནས་ཡིན་ནོ། །དེའི་འབྲེལ་མཚམས་ལའང་། བློ་ཕུག་གོང་འགག་གསུམ་ཞེས་པ་ཡོད་པའི་ས་དེར་ཨ་ཁུ་སྤྱི་དཔོན་གྱི་བློ་འདྲི་ཡུལ་བློན་པོའི་གནས་གཞི་ཡིན་པས་མིང་དེ་ལྟར་ཆགས། ཡང་ས་གནས་དེའི་འབྲེལ་མཚམས་སུ་ཁྲ་ཡི་གཞུ་ཤུབས་གོང་མ་དང་སྔོན་མོ་དེལ་ཡག་ནི་འབྲོང་རིགས་དགྲ་ལྷའི་སྟོད་རི་ཡིན། གོང་འོག་བར་གསུམ་ཞེས་པ་ཡོད། ས་ཆ་དེ་ནི་སྤྱི་དཔོན་རྒྱལ་པོའི་དགྲ་འགོག་གི་མཚོན་ཆ་བཟོ་སའི་ལྟེ་གནས་ཡིན་པས་མདའ་གྲི་མདུང་གསུམ་དང་། མདའ་ལའང་མདའ་མོ་རྒོད་སྒྲོ་མ་དང་། འུག་སྒྲོ་མ། ཁྲ་སྒྲོ་མ་སོགས་བཟོ་གནས་ཡིན། རྒོད་སྒྲོ་མ་དེ་ཤུགས་ཆེ་ལ་རྒྱང་ཆོད་པ་ཡིན། འུག་སྒྲོ་མ་དེ་མཚན་མོར་འཕངས་ན་གནད་ལ་ཕོག་ཐུབ་པའི་གནད་ཅན། ཁྲ་སྒྲོ་མ་དེ་མྱུར་ལ་རྣོ་བའི་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡོད། གཞུ་ལའང་ལྕགས་ཀྱི་གཞུ་དང་། སྨྱུག་གི་གཞུ། སྐྱེར་པའི་གཞུ། རྭ་ཅོའི་གཞུ་སོགས་ཡོད་ལ་དེ་དག་གི་བཟོ་གནས་ཀྱི་ལྟེ་བ་ཡིན་པས། ས་དེ་ལ་མིང་དེ་ལྟར་དུ་ཐོགས་པས་ཕྱི་རབས་མི་རྒྱུད་ནས་མི་རྒྱུད་ཀྱི་བར་དུ་ཟམ་མ་ཆད་པར་སའི་མིང་སྔར་བཤད་པ་དེ་ལྟར་འབོད་པར་བྱེད། ཡང་རི་དེའི་རྒྱབ་ཀྱི་རི་ཞོལ་ལ་འདུ་སའི་རྫུབས་ཟེར་བ་དང་། སྟག་དེའུ་དང་གཟིག་དེའུ་ཞེས་པའི་དེའུ་འབུར་གཉིས་ཡོད། དེ་ནི་ཁྲ་མོ་གླིང་དཀར་སྟོད་པའི་བསང་གཏོང་སའི་དེའུ་འབུར་ཡིན། དེ་ལའང་། འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མའི་རང་རྣམ་ལས། དེ་ནས་མོང་གོའི་དཔོན་ཨ་ཚང་ཤོག་གི་རྒྱུ་ཐོག་ཆོས་ལུ་དཔལ་མཆོག་ཚང་གི་སྒར་དང་ཉེ་བའི་ཆར། སྔོན་གྱི་གླིང་རྗེ་གེ་སར་རྒྱལ་པོའི་སྐབས་ཀྱི་དཔའ་ཐུལ་སུམ་ཅུ་འཚོགས་སའི་གནས། འདུ་སའི་སྟག་དེའུ་གོང་མའི་ཞོལ་དུ་སྒར་བརྒྱབ་ནས་ཞག་བཅུ་སྐོར་བསྡད། ཁྲོམ་དབང་ཁ་ཤས་དང་སྟག་དེའུ་ཡི་མགོ་ལ་སྤྱིའི་བསང་། གསེར་སྐྱེམས་དང་དགྲ་ལྷའི་དཔང་བསྟོད་མཛད་ཅེས་གསུངས་པ་ལྟར། སྲོལ་ཡང་ཡོད་ལ་དུས་རབས་རིམ་བྱོན་གྱི་བླ་མ་རྣམས་ཀྱི་ཐུགས་བཞེད་དང་ཡང་མཐུན་པ་ཡིན་ནོ། །དེའུ་འབུར་གཉིས་ཀྱི་བར་ལ་གེ་སར་རྒྱལ་པོའི་བཞུགས་ཁྲི་ཡང་ཡོད། དེའི་འབྲེལ་མཚམས་སུ། ཁྲ་ཡུལ་དང་ཐོག་མའི་གླིང་གི་འདུ་ར་ཡིན་པར་གྲགས་པའི་ཐང་ཡངས་པོ་མུ་མཐའ་དང་བྲལ་བ། སྐྱ་མིས་ཉིན་ལམ་དུ་མར་མི་ཆོད་པའི་སར་འདུ་ར་སྟག་ཐང་ཁྲ་མོ་ཞེས་པ་དེ་ཡོད། ཁྲ་གཞུང་གི་ཁྲ་ཐང་དེ་ནི་ལྕི་ཟླའི་བཀྲ་ཤིས་བར་སྒང་ནས། སྟག་གཟིག་ནོར་རྫོང་ཕབ་སྟེ་ཁྲ་ཁོག་ནས་ནོར་འགྱེད་མཛད་སའི་གནས་ཡིན་པར་བཞེད། འདུ་ར་སྟག་ཐང་ཁྲ་མོ་ནས་བཟུང་མཇལ་ཐང་གི་བར་དེའི་ཉིན་སྲིབ་ཁོར་ཡུག་ཡངས་པོར་བཀྲ་ཤིས་པར་བྱེད་པའི་རྟགས་བརྒྱད་དང་། རྒྱལ་སྲིད་སྣ་བདུན། ནོར་བུ་ཆ་བརྒྱད་སོགས་ཀྱི་རང་བྱུང་གི་བཀོད་པ་ཉམས་མཚར་བ་བཅས་ཡོད་པ་ནི། ཁྲ་ཁོག་གམ་ཁྲ་གཞུང་སྲིབ་ངོས་ཀྱི་ཡུལ་མིང་དང་གནའ་སྒྲུང་ཤིན་ཏུ་ཆ་མཐུན་པའི་ཚུལ་དག་ཡིན། གོང་གི་མཇལ་ཐང་ཟེར་བ་དེ་ནི། རྒྱ་ཚ་ལྷ་ལས་བབས་ཏེ་ཚ་ཞང་འདན་མ་དང་མཇལ་ཞིང་མཇལ་དར་ཕུལ་སའི་ས་ཡིན་པས་ན་མཇལ་ཐང་ཞེས་སུ་གྲགས་ལ། དེ་ནི་ད་ལྟའི་དྲན་ཆེན་གྲོང་རྡལ་གྱི་ས་ཚིགས་དེ་ཡིན། ཁྲ་ཉིན་ཡུལ་ལྗོངས་ནས་ངོ་སྤྲོད་ཅིག་བྱས་ན། གོང་དུ་བསྟན་པའི་སྣང་ཆུང་གདུང་འབུམ་ནས་མས་འབྲེལ་ཉིན་ཤོག་ལ། ཁྱི་རྒན་ཟོ་ལངས་ཟེར་བའི་ས་ཆ་ཞིག་ཡོད་པ་ནི། སྤྱི་དཔོན་ཁྲ་རྒན་ཚང་གི་སྒོ་ཁྱི་ཤི་བའི་རོ་སྐྱེལ་སའི་དུར་ཁྲོད་ཡིན་པས་ན་ས་མིང་ལ་དེ་ལྟར་ཆགས། དེ་ནས་འབྲེལ་བའི་ཡུལ་ལུང་ལ་རྫ་གོར་ནང་ཞེས་པ་ནི། སྤྱི་དཔོན་ཁྲ་རྒན་གྱི་དམག་སྐུང་རྒྱག་ས་ཡིན་ཟེར། དེའི་འབྲེལ་མཚམས་ལ་ཁྲ་རམ་སྤུན་གསུམ་ཞེས་པ་ནི་ཨ་ཁུ་སྤྱི་དཔོན་གྱི་བླ་རི་ཡིན་པས་ཡང་མེས་དབོན་རབས་བརྒྱུད་པའི་བང་སོའམ་དུར་སའང་ཡིན། ཁྲ་རམ་སྤུན་གསུམ་གྱི་ཕུ་ལ་ཁྲ་རྒན་གྱི་མཁར་ཤུལ་ཞིག་ཀྱང་ཡོད་ཅེས་ཟེར་སྲོལ་ཡོད། ཁྲ་རམ་ནོར་བུ་སྤུན་གསུམ་ནི། ཁྲ་མོ་གླིང་གི་ཟོ་དོར། ཁྲ་ཁོག་སྡེ་བའི་སྒེར་ལྷ། ཁྲ་རྒན་དཔོན་གྱི་སྐྱེ་ལྷ། ཁྲ་མཁར་གནམ་རྫོང་གི་ཕུག་ལྷ་ཡིན་ལ། ཁྲ་རམ་སྤུན་གསུམ་པོའི་ནང་གི་རྣམ་པ་ནི། སྐྱེས་བུ་མི་དཀར་རྟ་དཀར། རྨོག་དང་དར་འཕྲུ་དཀར་པོ། ཕྱག་ན་ཕྱག་མཚན་སྣ་ཚོགས་ཅིར་ཡང་འཛིན་པ། འཁོར་དུ་ལྷ་ཀླུ་གཉིས་ཀྱི་འཁོར་སྡེ། གཞན་ཡང་ཤི་གསོན་འདྲེ་དང་དབུགས་ལེན་སྣ་ཚོགས། མི་དང་མི་མིན་ཕོ་མོ་དུ་མས་བསྐོར་བ། སྒྲུབ་པ་པོ་ལ་དངོས་གྲུབ་སྟེར་བ་ནི་ནང་གི་ཐུན་མོང་མིན་པའི་ཁྱད་པར་གྱི་ཆོས་ཡིན་ནོ། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་བསང་མཆོད་ལས་ནི། ཁྲ་རམ་ནོར་བུ་སྤུན་གསུམ་ནི་བཙན་གྱི་རིགས་ཤིག་ཡིན་པར་གསུངས།
རྩོམ་གསར། 10