ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས།(2)

    《ཡུལ་ཤུལ་རི་ཆུ་རིག་གནས》ལས་བཏུས།    2016-03-30


 

ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས།

གཉིས། སྒ་སྐྱ་ལོ་ཚང་གི་མཚེར་ས།

 ༡ སྐྱ་ལོའི་མཁར་དམར།

 འབྲི་སྟོད་རྫོང་རྒྱ་རྒྱའི་ཕོ་བྲང་གྲོང་རྡལ་གྱི་བྱང་ཕྱོགས་སྤྱི་ལེ་གཉིས་ཙམ་གྱི་ས་ཆ་ན་ས་དེའུ་དམར་པོ་ཞིག་ཡོད་པ་དེ། ས་དེ་གའི་དམངས་ཁྲོད་ཀྱི་བཤད་སྲོལ་ལ་སྐྱ་ལོ་མཁར་དམར་ཞེས་པའི་ཕོ་བྲང་གི་ཤུལ་ཡིན་པར་བཞེད། དེ་ནི་གེ་སར་སྙན་སྒྲུང་ལས་དཔའ་ཐུལ་སུམ་ཅུའི་ནང་གསེས། སྒ་སྐྱ་ལོ་ཕྱོགས་ཆེན་བཅོ་བརྒྱད་ཀྱི་མགོ་དཔོན་སྒ་སྐྱ་ལོ་བསྟན་པ་རྒྱལ་མཚན་གྱིས་སྐུ་དངོས་སུ་བཞེངས་པར་གྲགས་པའི་སྐྱ་ལོའི་ཕོ་བྲང་བྱུ་རུ་སྟག་རྩེའམ་མཁར་དམར་རྫོང་དྲུག་ཅེས་པ་དེའོ།

 ཕོ་བྲང་མཁར་དམར་འདི་ངག་རྒྱུན་དུ་ཐོག་ཁང་བྱུ་རུ་དམར་པོས་བཞེངས་པ་དང་། བར་ཁང་སེར་པོ་གསེར་གྱིས་བཞེངས་པ་དང་། འོག་ཁང་སྔོན་པོ་གཡུ་ལས་གྲུབ་པ་ཡིན་ཟེར། དེ་ཡང་སྐྱ་ལོ་སྟོན་འཇོག་ལས། ཕོ་བྲང་བྱུ་རུ་སྟག་རྩེ་འདི། མཁར་སྟེང་དམར་པོ་བྱུར་གྱིས་གྲུབ། མཁར་སྐེད་སེར་པོ་གསེར་གྱིས་བརྡུང་། མཁར་སྨད་སྔོན་པོ་གཡུ་ལས་གྲུབ། མཁར་སྒོ་བཞི་རྒྱལ་ཆེན་སྡེ་བཞི་བྱོན། ནང་མི་འགྱུར་ཙན་དན་ཀ་བ་བརྒྱད། གཟའ་ཆེན་བརྒྱད་ཀྱིས་བཙུགས་ལེ་ཡིན། ཕྱི་མི་འགྱུར་མཁར་ཏོག་རྒྱལ་མཚན་བརྒྱད། སྡེ་བརྒྱད་སྲུང་མས་བཙུགས་ལེ་ཡིན། གངས་ཤེལ་དཀར་པོའི་གཟིམས་ཁང་དེ། ཨ་འབྲུག་རྒྱལ་མོའི་ཕ་མཁར་ཡིན། མེ་ཤེལ་དམར་པོའི་ལྷ་ཁང་དེ། ནོར་ལྷ་ཛམ་ལྷའི་སྒྲུབ་ཁང་ཡིན། ཆུ་ཤེལ་སྔོན་པོའི་ཇ་མཁར་དེ། ཟ་བའི་ཇ་ཐབ་སྒྲིག་པའི་མཛོད། མཁར་ཕྱོགས་བཞི་མཛོད་སྒོ་ཆེ་བཞི་ལ། ནོར་བུ་གནམ་གྱི་སྐར་ཚོགས་བཀྲ། རིན་ཆེན་གསེར་དངུལ་ཐང་མར་བདལ། ཞེས་ཕོ་བྲང་གི་ཕྱི་དབྱིབས་གཟི་རྔམ་ཆེ་ཞིང་རིན་པོ་སྣ་ཚོགས་ཀྱིས་གྲུབ་པས་ལྷ་ཡི་རྣམ་རྒྱལ་ཁང་བཟང་ལྟ་བུ་དང་། ཕོ་བྲང་མཐའ་ནས་སྲ་འཐས་རྡོ་རྗེ་ལྟ་བུའི་ལྕགས་རིས་བསྐོར་ཡོད་པར་བཤད།

 ཕོ་བྲང་དམར་པོའི་བྱུ་རུའི་ཐོག་ཁང་ནི་ཡི་དམ་ལྷ་ཡི་དཀྱིལ་འཁོར་དང་། ནོར་ལྷ་རིགས་ལྔའི་གསེར་སྐུ་དང་། རྣམ་ཐོས་སྲས་ཀྱི་ཞལ་ཐང་དང་། གཞན་ཡང་སངས་རྒྱས་བྱང་སེམས་ཆོས་སྐྱོང་བཅས་ཀྱི་རྒྱུ་རིན་ཐང་བྲལ་ཞིང་བཟོ་ཤིན་ཏུ་ལེགས་པའི་སྐུ་འདྲ་དང་། ཕ་ཆོས་དམ་པ་བཅུ་གཉིས་སོགས་བྱིན་རླབས་ཀྱི་ཚན་ཁ་འབར་བའི་ལྷ་ཁང་ཡིན་པ་དང་། སེར་བོ་གསེར་གྱི་བར་ཁང་ནི་སྒ་སྐྱ་ལོའི་བསྟན་པ་རྒྱལ་མཚན་ཁྱོ་ཤུག་གི་གཟིམ་ཁང་དང་། དེའི་ཤར་ངོས་ནི་སྲས་མོ་སེང་ལྕམ་འབྲུག་མོའི་གཟིམ་ཁང་ཆུ་ཤེལ་རབ་གསལ་བཅས་དང་། ལྷོ་རུ་ཇ་ཁང་ནོར་བུ་ཆར་འབེབ་ཟེར་བ་ལ་ཀླུ་ཡི་ཟངས་མཁར་དང་ལྟིར་བུ་ནོར་བུ་གཡས་འཁྱིལ་བཅས་ཀླུ་ཡི་སྣོད་ཆས་སྣ་ཚོགས་ཡོད་པ། སྔོན་པོ་གཡུ་ཡི་འོག་ཁང་ནི་ཕྱོགས་བཞིར་རྫོང་བཞི་དང་བར་ཁྱམས། སྒོ་འཁྱོར་བཅས་རྫོང་དྲུག་འཛོམས་པས་ཕོ་བྲང་མཁར་དམར་རྫོང་དྲུག་ཅེས་ཀྱང་ཟེར། དེ་ཡང་ཤར་ན་ནོར་བུ་གཡང་ཅན་གྱི་རྫོང་སྟེ། གཡང་གི་ར་བ་སྒོ་བཞི་དང་རིན་པོ་ཆེ་སྣ་ལྔའི་གཡང་མཛོད་ཀྱི་རྫོང་། ལྷོ་ན་ནོར་བུ་དགོས་འདོད་ཅན་གྱི་རྫོང་སྟེ། ཀླུ་དུང་སྐྱོང་དཀར་པོས་ཕུལ་བའི་དགོས་འདོད་ཡིད་བཞིན་ནོར་བུ་མཆོད་བཤམས་བྱེད་པའི་རྫོང་། ནུབ་ན་ནོར་བུ་གོ་མཚོན་གྱི་རྫོང་སྟེ། ཁྲབ་རྨོག་མདའ་གཞུ་སོགས་གྱི་གོ་མཛོད་ཀྱི་རྫོང་། བྱང་ན་འབྲུ་རིགས་རྒྱན་ཆས་ཀྱི་རྫོང་སྟེ། འབྲུ་སྣ་ལྔ་དང་རྒྱན་གོས་སོགས་འབྲུ་མཛོད་དང་གོས་མཛོད་ཀྱི་རྫོང་། བར་ཁྱམས་ན་ཀླུ་དུང་སྐྱོང་གི་ལས་ནོར་དང་། གཡང་གཏད་བཀའ་རྒྱ་མའི་གཡང་ཁུག་དང་གཡང་ཕོར་སོགས་གཡང་གི་བང་མཛོད་ཀྱི་སྙིང་པོའི་གནས། སྒོ་འཁྱོར་ན་སྐྱེས་མཆོག་འདུ་ཁང་སྟེ་སྐྱ་ལོ་བསྟན་པ་རྒྱལ་མཚན་གྱིས་དོན་ཆེན་སྒྲུབ་པ་དང་སྐུ་མགྲོན་སྣེ་ལེན་བྱེད་པའི་གནས་སོ།།

 ཕོ་བྲང་མཁར་ཤུལ་འདི་ལ་སྔོན་བྱོན་མཁས་པ་མི་ཉུང་པས་བརྟག་དཔྱད་བྱས་པ་ལྟར་ན། དེང་གི་ཡུལ་ཤུལ་ཞེས་པའི་ཐ་སྙད་འདིའི་འབྱུང་ཁུངས་ཡིན་པར་བཤད་དེ། སྒ་སྐྱ་ལོའི་མི་རབས་ཀྱི་བསྟན་པ་རྫོགས་ནས་དེའི་ཡུལ་གྱི་ཤུལ་དེ་ཨ་རྒྱལ་མགོན་པོ་ཞེས་པའི་དཔའ་མཛངས་རྟུལ་ཕོད་ཅན་གྱི་དཔོན་པོ་ཞིག་གིས་བཟུང་བས། ཡུལ་གྱི་མིང་ལ་ཡུལ་ཤུལ་དང་། དཔོན་གྱི་མིང་ལ་ཡུལ་ཤུལ་ཨ་རྒྱལ་མགོན་པོ་ཞེས་མེས་པོའི་ངག་རྒྱུན་དུ་རླུང་ལྟར་གྲགས། ད་ལྟ་མཁར་དེའི་ཤུལ་འདི་ཡིན་ཞེས་མཛུབ་མོ་བསྟན་དུ་ཡོད་པར་མ་ཟད། རྒྱབ་རི་ལ་ཕོ་བྲང་སྟག་རྩེ་དང་། མདུན་ཐང་ལ་སྐྱ་རིང་གད་པ། གཙང་ཆབ་ལ་ཉ་ཆགས་སྔོན་མོ། གཡས་རི་ལ་རྒྱ་རྒྱའི་ཨ་མྱེས་དཀར་པོ། མཚེའུ་ལ་དུང་མཚོ་དཀར་མོ་ཞེས་པ་སོགས་གླིང་སྒྲུང་ནང་གི་ས་མིང་དང་ཆུ་མིང་མ་འགྱུར་བ་བཙན་སྦྱོར་དང་བཟོ་བཅོས་གང་ཡང་མི་དགོས་པ་ལྷུན་གྱིས་གྲུབ་ནས་ཡོད་པས།    བོད་ཀྱི་གནའ་དཔེ་ལས། གནམ་རྟགས་མི་འགྱུར་སྐར་མ་སྨིན་དྲུག ས་རྟགས་མི་འགྱུར་ཨ་དཀར་ལུག་འདྲ་ཞེས་པ་ལྟར་མཁར་ཤུལ་ཡིན་མིན་ཐད་ལ་ཐེ་ཚོམ་མི་དགོས་ཏེ། གོང་གི་ས་ཆུ་དེ་དག་བདེན་དཔང་མི་ཡོང་ཟེར་ནས་སུ་ཡིས་རྒོལ་བ་ནུས་ཏེ་མི་ནུས་སོ། །

 ༢ རྒྱབ་རི་ཕོ་བྲང་སྟག་རྩེ།

 སྙིགས་དུས་སངས་རྒྱས་བསྟན་པའི་སྲོག་ཤིང་བཀའ་འགྱུར་བ༧བྱམས་པ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་དཔལ་བཟང་པོའི་རང་རྣམ་ལས། དེ་ཡང་གླིང་གེ་སར་རྒྱལ་པོའི་སྒྲུང་གླུ་དང་ངག་རྒྱུན་རྣམས་སུ། བྱང་ཉ་ཆགས་ཕུ་དྲུག་མདའ་དང་བདུན། སྐྱ་རིང་གད་པའི་རྔམས་དང་བརྒྱད། དུང་མཚོ་དཀར་མོའི་རླབས་དང་དགུ། ཕོ་བྲང་སྟག་རྩེའི་གཟི་དང་བཅུ། བཅུ་འཛོམས་གཡང་གི་ར་བ་ནས། ཞེས་བཤད་པའི་ས་ཆ་དེ་དག་གི་མིང་ད་ལྟའང་མ་ཉམས་པ་གནས་འདིར་ཡོད་མུས་སུ་མཆིས། ཞེས་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས༡༩༧༩ལོར་པར་སྐྲུན་བྱས་པའི་གླིང་སྒྲུང《ཧོར་གླིང་གཡུལ་འགྱེད》སྨད་ཆ་ལས་འབྲུག་མོས་མགར་བཟའ་ཆོས་སྒྲོན་ལ་གཡོ་འཕྲུལ་གྱི་གླུ་བླངས་པའི་ནང་དུ། སྐྱེ་བ་འདི་ལ་ཟིན་པ་ནས། ཉ་ཆགས་ཕུ་དྲུག་མདའ་དང་བདུན། དུང་མཚོ་དཀར་མོའི་རླབས་དང་བརྒྱད། སྐྱ་རེངས་གད་པའི་རྔམས་དང་དགུ། ཕོ་བྲང་སྟག་རྩེའི་གཟི་དང་བཅུ། བཅུ་འཛོམས་བཀྲ་ཤིས་འཁྱིལ་བ་ནས། གླིང་དཀར་སེང་ལྕམ་འབྲུག་མོ་ཡིན། ཞེས་སོགས་གསུངས་པར་ལྟར། ཕོ་བྲང་སྟག་རྩེའི་གཟི་དང་བཅུ་ཞེས་པའི་ཕོ་བྲང་སྟག་རྩེ་ནི། དེང་དུས་འབྲི་སྟོད་རྫོང་རྒྱ་རྒྱའི་ཕོ་བྲང་སྐེའི་གྲོང་རྡལ་གྱི་བྱང་དུ་ཀྲོང་ངེར་འགྱིང་པའི་རྒྱབ་རི་གཟི་རྔམས་ཅན་འདི་ལ་ཟེར། དེ་ཡང་གཟི་དང་བཅུ་ཞེས་པའི་གཟི་དེ་གང་ལ་གོ་ཞེ་ན། ཡབ་རྗེ་བཀའ་འགྱུར་བ་ཆེན་པོའི་གནས་བསྟོད་སྐྱེ་བ་ལྔ་བའི་སྒྲ་དབྱངས་ལས། དེ་ཚེ་དབྱིག་འཛིན་དགའ་མའི་ལྟོ་བ་རུ། གྲགས་པ་དོན་ལྡན་འབྲི་ཀླུང་སྟོད་རྒྱུད་ཅེས། གཡུ་ལོ་བཀོད་པའི་གནས་ལ་རབ་འགོད་པ། བདེ་ལེགས་དྲི་བཟང་འཐུལ་བའི་ཕང་བ་ལ། ཁ་དོག་སྣ་ལྔའི་རིན་ཆེན་ལས་གྲུབ་པའི། འཆི་མེད་གཞལ་ཡས་ཁང་གི་ཟླ་བོ་རུ། ལན་བརྒྱར་ཆས་པའི་ཕོ་བྲང་སྟག་རྩེ་ཉིད། བསོད་ནམས་གཡང་དུ་ཆགས་པའི་གཡས་ཕྱོགས་སུ། ཞེས་དང་། འབྲི་སྟོད་རྫོང་གི་བབ་སྒྲུང་བ་ཚེ་རིང་བསོད་ནམས་ཀྱིས་བཤད་པའི་གླིང་སྒྲུང《སྐྱ་ལོ་སྟོན་འཇོག》ལས་ཕོ་བྲང་བྱུ་རུ་སྟག་རྩེའི་ངོ་སྤྲོད་བྱས་པ་འདི་ལྟ་སྟེ། (ཕོ་བྲང་བྱུ་རུ་སྟག་རྩེའི་)རྒྱབ་རི་ནོར་བུ་མཆོང་རྩེ་དེ། མཁའ་ལྡིང་ནོར་བུ་བཙུགས་པ་འདྲ། གཡས་གཡོན་སྒྲོ་གུར་ཕུབ་པ་འདྲ། རི་ཆེན་རི་ཆུང་གྲངས་མེད་པ། སྒ་སྐྱ་ལོའི་གནས་མཆོག་ར་བས་བསྐོར། ཞེས་སོགས་གསུངས་པ་ལྟར། རི་འདི་ཕྱི་བལྟས་རྫ་རི་སྨུག་པོ་རྒྱལ་པོ་གདན་ལ་བཞུགས་པ་དང་འདྲ་བ་ལ། ནང་ལྟར་ན་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་ངམ་རིན་པོ་ཆེ་མཆོང་ལས་གྲུབ་པའི་ཕོ་བྲང་ཡིན་པས། རིན་པོ་ཆེའི་གཟི་འོད་ལམ་མེར་གནའ་ནས་ད་ལྟའི་བར་དུ་མ་ཉམས་པར་ཡོད་པས་ཕོ་བྲང་སྟག་རྩེ་ལ་གཟི་ཞེས་པའི་ཐ་སྙད་འདི་ཐོབ་པ་ཡིན་ཞེས་དང་། ཡང་གཞན་དག་གིས་ཕོ་བྲང་སྟག་རྩེ་ལ་རིན་པོ་ཆེ་གཟི་ཡི་གཏེར་ཁ་ཡོད་པས་གཟི་ཞེས་ཟེར་བ་དང་། སྔོན་འདས་པའི་དུས་སུ་སྒ་སྐྱ་ལོའི་ཕོ་བྲང་དེ་རིན་པོ་གསེར་དང་། བྱུ་རུ་དང་། གཡུ་ཡིས་བཞེངས་པས་འཆི་མེད་ལྷ་ཡི་གཞལ་ཡས་ཁང་ལས་ལྷག་ཅིང་ཕོ་བྲང་གི་གཟི་འོད་ཀྱིས་རྒྱབ་རི་ཡང་འོད་མདངས་དང་ལྡན་པས་ཕོ་བྲང་རྒྱབ་བམ་ལྟག་གི་རི་བོ་ནོར་བུ་མཆོང་རྩེ་སྟེ། ཕོ་བྲང་ལྟག་རྩེའི་གཟི་ཞེས་ཟེར་བ་སོགས་བཤད་ཚུལ་འགའ་མཆིས། མདོར་ན་སྒ་སྐྱ་ལོ་ཚང་གི་རྒྱབ་རི་འདི་ལ་སྨུག་ལ་སྣུམ་པ་ཕྱུག་པོའི་བླ་རི་ཞེས་པའི་མཚན་ཉིད་ཚང་སྟེ། ངག་རྒྱུན་དུ་ཕོ་བྲང་སྟག་རྩེའི་དབྱིབས་ནི་ནོར་ལྷ་རྒྱལ་པོའི་ཕྱག་ཏུ་ནེའུ་ལེ་འཛིན་ནས་བཞུགས་པ་དང་འདྲ་ཞིང་རི་ངོས་སུ་མཁས་པས་བལྟས་ན་བཀྲ་ཤིས་བུམ་གཟུགས་ཀྱི་མཚན་མ་དངོས་སུ་མཇལ་རྒྱུ་ཡོད་ཅེས་ཐོས།། །

ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས།

གསུམ། གླིང་དཔའ་བརྟུལ་སུམ་ཅུའི་གདུང་འབུམ།

 རབ་མཛེས་པདྨ་རྒྱས་པའི་ཟེའུ་འབྲུ་ལས། །སྲས་བཅས་རྒྱལ་བའི་མཁྱེན་བརྩེ་མ་ལུས་པ། །གཅིག་བསྡུས་རང་བྱུང་སངས་རྒྱས་པདྨ་འབྱུང་། །སྙིགས་དུས་སྐྱབས་ཀྱི་བཀའ་དྲིན་སུ་ཡིས་བརྗེད། །མུ་སྟོབས་ལས་ཀྱི་དབང་ཕྱུག་གར། །བདུད་ཚོགས་འདུལ་ལ་བསམ་བཞིན་དུ། །སེམས་དཔའ་དྲག་པོའི་སྐུར་བཞེངས་པ། །སྐྱེས་མཆོག་སེང་ཆེན་གཙུག་གིས་མཆོད། །བརྗིད་ཆགས་ལྟ་བ་སྡུག་པ་ལྷུན་པོའི་སྤོར། །ངོ་མཚར་ཡོན་ཏན་སྟོང་གི་གཟི་འབར་བ། །དཔའ་བརྟུལ་དཔའ་བོའི་གདུང་འབུམ་ཚར་དུ་མངར། །ལོ་རྒྱུས་ཁུངས་བཙུན་མ་འདྲེས་འདི་ན་གསལ། །དེ་ཡང་བོད་ཡུལ་སྟོད་སྨད་བར་གསུམ་ལས་སྨད་མདོ་ཁམས་ཀྱི་བྱེ་བྲག་མདོ་སྟོད་གནས་དྲུག་གི་ས་ཆ། ལྕི་ཡི་ལུང་ཆེན་ཕུ་དྲུག་གི་ནང་གསེས་དྭངས་བསིལ་སེང་ཆུ་སྔོན་མོའི་གཡོན་ཟུར་དུ། སློབ་དཔོན་པདྨ་འབྱུང་གནས་དང་། རླངས་སྟོན་བྱང་ཆུབ་འདྲེ་བཀོལ། ཡེལ་པ་ཡེ་ཤེས་བརྩེགས་སོགས་སྔོན་བྱོན་གྲུབ་ཐོབ་མང་པོས་སྒྲུབ་པ་མཛད་ནས་བྱིན་གྱིས་བརླབས་པའི་གནས་མཆོག་ཁྱད་པར་བ། རྟ་རྣ་བདེ་མཆོག་ཕོ་བྲང་ཞེས་ཀཉྩི་ཀའི་གནས་ལག་ཏུ་བསྔགས་པ་བཞུགས་སོ། །གནས་དེའི་གཡས་ལོགས་སུ་སྲ་མཁྲེགས་བྲག་གི་ལྷུན་པོ་ཤིན་ཏུ་བརྗིད་ཆགས་ཤིང་རང་བྱུང་གི་ཕུག་པའི་ནང་དུ་བཟོ་བཀོད་ཕུན་སུམ་ཚོགས་པའི་མཆོད་སྡོང་བཅུ་ཕྲག་དུ་མ་ཡོད་པ་དེ་གླིང་གི་དཔའ་བརྟུལ་སུམ་ཅུའི་གདུང་འབུམ་ཡིན་ལ་དེའི་ལོ་རྒྱུས་ནི། དེ་ཡང་གངས་ཅན་བོད་ཀྱི་དཔའ་བོའམ་གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོ་འཛམ་གླིང་གེ་སར་རྒྱལ་པོ་དཔའ་བརྟུལ་སུམ་ཅུའི་འཁོར་དང་བཅས་པ་ཞིང་འདིའི་གདུལ་བྱ་རྫོགས་ནས་རིམ་བཞིན་ཞིང་གཞན་དུ་གཤེགས། དེའི་དུས་སུ་གླིང་གི་དཔའ་བརྟུལ་རྣམས་ཀྱི་ཆེ་གྲས་བློན་ཆེན་འདན་མས་རྒྱལ་བློན་སྔ་མ་རྣམས་ཀྱི་འདས་རྗེས་ཀྱི་དགོངས་རྫོགས་ལེགས་པར་བསྒྲུབས་ནས་གདུང་རྟེན་དུ། མདོ་ཁམས་གླིང་ཁྲིའི་སྟོད་རྟ་རྣའི་རི་བོའི་རྩེ་ལ་མཆོད་སྡོང་ཡང་བཞེངས། དེའི་རྗེས་སུ་མི་རབས་ཕྱི་མ་རླངས་ཀྱི་སྲས་གཉན་ཐོག་ཨ་ཁྲོམ་དང་དགྲ་ལྷ་རྩེ་རྒྱལ་གྱི་སྲས་ཨ་གཉན་རྒྱལ་བ་སྐྱབས་ཀྱིས་དཔའ་བརྟུལ་རྗེས་མ་རྣམས་འདས་རིམ་བཞིན་དུ་གདུང་འབུམ་རྣམས་ཀྱང་དེར་བཞེངས་པས་གླིང་གི་དཔའ་བཏུལ་རྣམས་ཀྱིས་མཛད། དེ་ཡང་གནས་འདིར་བཞེངས་དགོས་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། སྔོན་གྱི་དུས་སུ་གླིང་རྗེ་གེ་སར་དེ་ཉིད་ཀྱི་སྐུ་སྐྱེ་གོང་མ་ལྷ་བུ་དྲི་མེད་ཏོག་དཀར་དང་། ཉན་ཐོས་འོད་སྲུང་ཆེན་པོ། གངྒཱའི་ལྷ་མོ་གསུམ་གྱིས་མ་འོངས་པའི་དུས་སུ་ལོག་སྨོན་གྱི་བདུད་རྣམས་འདུལ་བ་དང་། འདུལ་བའི་གྲོགས་བྱེད་པར་སྨོན་ལམ་ལྷན་ཅིག་ཏུ་བཏབ་པ་དུས་ལ་བབ་སྟེ། ཉན་ཐོས་འོད་སྲུང་གི་སྤྲུལ་པ་ཀླུ་ཕྲུག་གསལ་བ་མཛེས་ལྡན་དང་། གངྒཱའི་ལྷ་མོའི་སྤྲུལ་པ་བྱ་རྒྱལ་ལ་ཆིབས་ཏེ་བྲག་གམ་རྟ་རྣའི་གནས་ནང་དུ་ཀླུ་ཕྲུག་བྱང་ཆུབ་སེམས་དཔའི་ཤ་ཁྲག་འཐོར་བའི་རྟེན་འབྲེལ་གྱིས་རི་བྲག་རྣམས་ལ་རྒྱལ་སྲིད་སྣ་བདུན་སོགས་ཀྱི་རང་བྱུང་བྱོན་ཞིང་། དེའི་རྟེན་འབྲེལ་དང་སྨོན་ལམ་བཟང་པོའི་བདག་རྐྱེན་གྱིས་ལྷ་ཕྲུག་གི་སྐྱེ་བ་གེ་སར་རྒྱལ་པོ་དང་། གླིང་གི་དཔའ་བཏུལ་སུམ་ཅུའི་སྐུ་ཆས་དང་ཕ་ཆོས་གདུང་རྟེན་བཅས་གནས་འདིར་བྱུང་བ་ཡིན་ལ། གཞན་ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཉིད་ནག་ཕྱོགས་བདུད་སྡེ་དབང་དུ་བསྡུས་ཤིང་བོད་གངས་རིའི་ལྗོངས་སུ་དམ་པའི་ཆོས་མི་ནུབ་པར་ཡུན་རིང་དུ་གནས་པར་མཛད། དེའི་དུས་སུ་གུ་རུ་པདྨའི་ཐུགས་སྤྲུལ་ལྷ་གཟིགས་རླངས་ཀྱི་གྲུབ་ཐོབ་ཆེན་པོ་ཨ་མེས་བྱང་ཆུབ་འདྲེ་བཀོལ་མཆོག རྟ་རྣའི་གནས་ཀྱི་ཉེ་ལོགས་ལྕི་ཡི་གཡོ་ཁུའམ་དབྱུག་གུའི་ས་ཡི་ཆར། གནས་གཞི་ཆགས་ནས་བཞུགས་པ་ཉིད་གླིང་རྗེ་གེ་སར་གྱིས་ལྕི་ཡུལ་གེར་མཚོའི་མགུལ་ནས་ཞལ་མཇལ་ཏེ། གྲུབ་ཐོབ་ཀྱིས་དགུང་ལོ་བརྒྱད་ཅུ་རྩ་བརྒྱད་ཐོབ་པར་ལུང་བསྟན་གནང་། གླིང་རྗེ་གེ་སར་རྒྱལ་པོས་རླངས་སྟོན་ཨ་མེས་བྱང་ཆུབ་འདྲེ་བཀོལ་ཐུན་མོང་མ་ཡིན་པའི་བླ་མར་བཀུར་པ་དང་། གླིང་ཡུལ་དུ་གདན་དྲངས་ནས་གླིང་གི་དཔའ་བརྟུལ་སོགས་གླིང་པ་རྣམས་ལ་དམ་པའི་ཆོས་ཀྱི་གདམས་པ་བསྩལ་བས། མཆོད་ཡོན་གྱི་བར་ལ་འབྲེལ་བ་ཆེས་ཟབ་མོར་གྱུར། དེ་ནས་རླངས་སྟོན་ཞིང་ཁམས་གཞན་དུ་གཤེགས་རྗེས་རླངས་སྟོན་གྱི་ཞལ་ཆེམས་བཞིན་རླངས་ཀྱི་སྲས་དང་། གླིང་གི་མི་རབས་རྗེས་མ་རྣམས་ཀྱང་སྔར་བཞིན་ཡོན་མཆོད་ཡིན་གཤིས་དཔལ་བཏུལ་རྣམས་ཀྱི་གདུང་འབུམ་ཡང་གེ་སར་མཆོག་གི་ཐུན་མོང་མ་ཡིན་པའི་བླ་མའི་བཞུགས་ཡུལ་རྟ་རྣའི་རི་བོའི་མགུལ་དུ། དཔོན་སློབ་གཉིས་པོ་དད་དམ་འགྱུར་བ་མེད་པའི་རྗེས་དྲན་གྱི་རྟེན་དུ་བཞེངས་པ་ཡིན་ནོ། ། དེ་ལྟར་རི་རྩེའི་བྲག་ཕུག་གཉིས་སུ་བཞེངས་པའི་མཆོད་རྟེན་དེ་རྣམས་ནི་དབྱིབས་དང་བཟོ་བཀོད་ཕུན་སུམ་ཚོགས་ཤིང་ཆེས་ངོ་མཚར་བའི་ཡོན་ཏན་མངའ་ལ། གཞན་ཡང་ཡུལ་ཕྱོགས་འདིར་གླིང་གི་རྗེ་བློན་རྣམས་ཀྱིས་འགྲོ་དོན་མཛད་པའི་རྟགས་སུ་སེང་གཞུང་རྟ་རྣའི་རི་བྲག་རྣམས་ལ་གེ་སར་གྱི་སྐུ་རྗེས་དང་མདའ་གྲི་མདུང་སོགས་ཀྱི་རྗེས་གསལ་པོར་མཇལ་རྒྱུ་ཡོད་དོ།། དེ་ལྟ་བུའི་རྟེན་མཆོག་འདི་ནི་སངས་རྒྱས་བྱང་སེམས་ཀྱི་སྨོན་ལམ་དང་གདུལ་བྱའི་བསོད་ནམས་གཉིས་པོ་ནང་འཛོམས་པའི་སྟོབས་ཀྱིས་འགྲོ་བའི་ཚོགས་གཉིས་བསགས་པའི་བགོ་སྐལ་དུ་ཐོབ་པའི་ཆེས་ངོ་མཚར་དང་ལྡན་པའི་མཆོད་སྡོང་རྣམས་ཀྱི་བྱིན་རླབས་དང་ཡོན་ཏན་ཡང་། རྟེན་འདི་ཉིད་མཇལ་བ་ཙམ་གྱིས་དད་མོས་མཆོག་ཏུ་གྱུར་པ་རྣམས་ལ་དངོས་སམ་རྨི་ལམ་དུ་དགྲ་ལྷའི་རྒྱལ་པོ་གེ་སར་ནོར་བུ་དགྲ་འདུལ་དཔའ་བརྟུལ་ཝེར་མ་དང་བཅས་པའི་ཞལ་མཇལ་ལུང་སྟོན་སོགས་ཀྱི་བྱིན་རླབས་འཐོབ་ལ། འབྲིང་རྣམས་ཀྱིས་མཆོད་རྟེན་གྱི་ཉེ་སྐོར་དུ་ཡོད་པའི་བྲག་རྣམས་ཀྱི་ངོས་སུ་གླིང་དཔའ་བཏུལ་རྣམས་ཀྱི་སྐུ་དང་ཕྱག་མཚན་ཝེར་མ་བཅུ་གསུམ་གྱི་གཟུགས་སོགས་རང་བྱུང་གསལ་པོ་མཇལ་ཞིང་། འབྱུང་བ་ཆུ་རླུང་གི་སྒྲ་ལ་ཡང་གླིང་དཔའ་བོའི་ཀི་སྒྲ། ལྷ་རྟ་རྐྱང་བུའི་ཧུ་སྒྲ་དང་རྨིག་སྒྲ་སོགས་ཐོས་པར་འགྱུར། ཐ་ན་ཡང་གནས་འདིར་སླེབས་ནས་མཆོད་རྟེན་མཇལ་བ་ཙམ་གྱིས་ཁམས་དྭངས་ཤིང་རིག་པ་གསལ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་ཆེ་བའི་གདུང་འབུམ་འདི་རྣམས་ལ། ཕྱག་དང་སྐོར་བ་མཆོད་འབུལ་སོགས་བྱས་པའི་ཕན་ཡོན་དཔག་མེད་དུ་འབྱུང་བའི་འབྲེལ་ཚད་དོན་ལྡན་གྱི་རྟེན་མཆོག་འདི་ནི་མདོ་ཁམས་ཡུལ་གྱི་རྟེན་རྣམས་ཀྱི་གཙོ་བོ་ཡིན་ཞེས་གསུངས་པ་བཞིན། བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་སྒོ་གསུམ་རྣམ་དག་གི་སྒོ་ནས་ཕྱག་སྐོར་མཆོད་འབུལ་ལ་ཚུལ་བཞིན་དུ་བརྩོན་ན། ཚེ་འདིའི་ནད་གདོན་སོགས་མི་མཐུན་པའི་ཚོགས་རྣམས་ཞི་བ་དང་། ལུས་ཀྱི་དབང་རླུང་དར་ཞིང་དགྲ་ལྷ་ཝེར་མས་མགོན་སྐྱོབས་མཛད་པས་བསམ་དོན་ཡིད་བཞིན་དུ་འགྲུབ་ཅིང་སྒྲིབ་གཉིས་བག་ཆགས་རྣམས་རིམ་བཞིན་བྱང་ནས། གཏན་བདེའི་གོ་འཕང་ལ་རེག་པར་འགྱུར་བའི་དགོས་པ་མཆོག་དང་ལྡན་པས་ཚུལ་བཞིན་དུ་བརྩོན་པར་རིགས་སོ། །དེ་ལྟར་རྟེན་གྱི་མཆོག་གྱུར་པ། །སུས་ཀྱང་མ་བསྐུལ་གནས་འདིར་བཞེངས། །དུས་རབས་འཕོ་འགྱུར་སྣ་ཚོགས་ཁྲོད། །ཉམས་ཉེས་མ་གྱུར་ལྷམ་མེར་བརྗིད། །

 ཅེས་གླིང་གེ་སར་རྒྱལ་པོ་དང་དཔའ་བརྟུལ་སུམ་ཅུའི་གདུང་འབུམ་འདི་རྣམས་ལོ་རྒྱུས་རིང་ཞིང་དུས་ངན་རླུང་ནག་འཚུབ་མའི་ཁྲོད་ནས་ཀྱང་ཉམས་ཉེས་སུ་མ་གྱུར་པས་གཟི་བྱིན་ལྷམ་མེར་འདྲེན་བྱེད་ཀྱི་ཡུལ་དུ་མངོན་བཞིན་པ་འདི་ག་ལགས་ཀྱང་། འདི་རྣམས་ཀྱི་ལོ་རྒྱུས་སྔར་ཞིབ་ཕྲ་ཕྱོགས་གཅིག་ཏུ་བཤད་པར་མི་སྣང་ལ། འོན་ཀྱང་ཁུངས་ལྡན་གྱི་ཡིག་ཆ་རྣམས་ལས་འདིའི་སྐོར་བཤད་པ་ཐོར་བུའི་ཚུལ་དུ་མང་དག་མཆིས་པས། དེ་རྣམས་ཕྱོགས་གཅིག་ཏུ་ཚིག་གི་སྦྱོར་ཚུལ་རྣམས་གོང་འོག་ལེགས་པར་བསྒྲིགས་ཏེ་བཤད་པ་འདིས་ནི། འདི་ཡི་ཕྱོགས་ལ་དོན་གཉེར་གྱི་བློ་ཅན་རྣམས་ལ་ཕན་འབྲས་རྒྱ་ཆེར་འབྱུང་བ་གདོན་མི་ཟའོ། །བོད་རབ་བྱུང་བཅུ་བདུན་པ་ས་ཕོ་བྱི་བའི་གནམ་ལོ་གསར་དུ་བཞད་པའི་དུས་ཚེས་བཟང་པོར། རྟ་རྣའི་གེ་སར་ཞིབ་འཇུག་ཚོགས་པས་ཕྱོགས་གཅིག་ཏུ་སྦྱར་བ་དགེ་བར་གྱུར་ཅིག །མངྒ་ལཾ།། །།

ཡུལ་ཤུལ་ས་ཁུལ་གྱི་གེ་སར་རིག་གནས།

  • ལེ་ཚན་སྔོན་མ།:གླིང་གེ་སར་རྒྱལ་པོ་དང་གླིང་དཀར་གཤིས།
  • ལེ་ཚན་རྗེས་མ།:ཁམས་གོ་འཇོའི་དཔའ་ལྷ་སེང་སྟག་ཨ་དོམ་གྱི་མཁར་ཤུལ།
  • དོ་སྣང་ཆེ་བའི་རྩོམ།