སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ།

​ཨོ་རྒྱན་གྱིས་འཚོལ་བསྡུ་བྱས།        2020-12-29

སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ།

     དེ་ཡང་དུས་རབས་བཅུ་གཅིག་པའི་སྐེད་ཙམ་ན། གླིང་རྗེ་གེ་སར་རྒྱལ་པོས་གདོང་སྨུག་པོ་གླིང་ཚང་གི་མངའ་ཁོངས། འབྲི་རྫའི་རྒྱུད་ནས་རྨ་ཆུའི་རྒྱུད་དུ་རྒྱ་བསྐྱེད་པའི་ལོ་རྒྱུས་དོན་ངོས་ཡིན་པ་དང་། གླིང་ཚང་རང་གི་ས་གནས་སུ་སྔར་ཡོད་ཀྱི་རྫོང་མཁར་གྲགས་ཆེན་ཚོར་དཔེར་བླངས་ཏེ། རྨ་ཡུལ་དུ་སྐུ་མཁར་གཉིས་པ་རེ་བཞེངས་ཚུལ་གྱི་ལོ་རྒྱུས་ཡོད་པ་ནང་བཞིན། གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་ཕ་བུས་ཀྱང་། རྨ་ཁོ་མདོ་ལི་མའི་གདོང་ཟུར་དུ་ཕོ་བྲང་གཉིས་པ་ཞིག་བཞེངས་ཏེ། མཁར་མིང་སྔར་ལྟར་གསོལ་བ་ཡིན་ཚུལ་ཡིག་རྙིང་ལས་གསལ་བ་ལྟར། སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ་དུ་གྲགས་པ་རེ་གཉིས་ཡོད་མོད། སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཕོ་རོག་སྙིང་རྫོང་དངོས་དེ་དང་པོ་བཞེངས་ས་དང་། མཁར་གྱི་མིང་ཐོགས་ས། མཁར་བཞེངས་ཡུལ་བཤད་སྐབས་ཀྱི་ས་དབྱིབས་སོགས། མཁར་ཤུལ་དངོས་ཇི་མ་ཇི་བཞིན་དུ་ཡོད་ས་དེ་ནི། སྔར་གྱི་གླིང་ཡུལ་ཡིད་ལྷུང་ཤོག་ཆེན་བཅོ་བརྒྱད་དུ་གྲགས་པའི་ས་ཆ་དང་། ད་ལྟ་སྡེ་དགེ་རྫོང་མ་ཎི་ཀ་མགོའི་ཁྲོ་བ་ཡུལ་ཚོའི་ས་ཡིན་ཟེར་འདུག་ལ། ཁྲོ་བ་ཡུལ་ཚོ་ལ་ལུང་བ་གཉིས་ཡོད་ཅིང་། ལུང་ཁོག་གཅིག་ལ་ཨ་ཁུའི་ཁོག་དང་། ལུང་ཁོག་གཉིས་པར་ཁྲོ་བ་ཁོག་གཉིས་ཀྱི་ས་མིང་། སྔ་རབས་པའི་དུས་ནས་མ་འགྱུར་བར་བྱུང་ཚུལ་དང་། ད་ལྟ་དངོས་ཟིན་གྱི་འདྲ་པར་ལྟར། བྲག་རི་བྱ་ཕོ་རོག་གིས་གཤོག་པ་བརྐྱབས་འདྲའི་དབྱིབས་ཅན་གྱི་མགུལ་ལམ་སྙིང་གའི་ས་མིག་སྟེང་དེ། མཁར་ཕོ་རོག་སྙིང་རྫོང་གི་མཁར་ཤུལ་དངོས་ཡིན་པའི་བཤད་རྒྱུན་དང་། མཁར་ཤུལ་དེའི་ཁོར་ཡུག་ནི། གླིང་གི་རྟོགས་བརྗོད་དག་ལས་ཁྲོ་ཐུང་ཕ་བུ་གླེང་སྐབས། ས་བཙན་རྫ་མ་རྭ་འགག ། ཅེས་པ་དང་། ས་བཙན་སུ་རུའི་གདོང་ཟུར། ཞེས་མངོན་པ་ལྟར། ངོ་མ་ས་བཙན་པོ་དང་འགག་དོག་མོ། སྒྲུང་ལས་བཤད་པ་ཇི་བཞིན་དུ་ཡོད་པར་མ་ཟད། ཁོར་ཡུག་ཏུ་ཁྲོ་ཐུང་གི་ཇག་ལམ་ཆེ་གསུམ་དུ་གྲགས་པའི་གཤོང་ལམ་ཡ་མཚན་ཅན་དང་། དེ་ལས་ཀྱང་ཨ་ཁུའི་ག་ཟི། ཞེས་གངས་རི་དཀར་པོ་གྲོད་པུའི་དབྱིབས་ཅན་དང་། གཙང་དཀར་གཙང་ནག་ཅེས་པའི་གཞི་བདག་དྲག་རྩལ་ཅན་གཉིས། ལྷག་པར་དུ་བུམ་ལྷ་བུམ་ཐོགས་ཟེར་བ་ཁྲོ་ཐུང་ཕ་བུའི་ཡུལ་ལྷ་གཙོ་བོ་ཞིག་ཡིན་པར་བཤད་པའི་གནས་རི། རི་དབྱིབས་ནི་ངོ་མ། བུམ་པ་ཞིག་གི་ཁ་ཐོག་ལ་རིན་ཆེན་ནོར་བུ་བཀོད་པ་ལྟ་བུའི་མཛེས་བརྗིད་ལྡན་པ། འུད་བརྗོད་ཙམ་མ་ཡིན་པར་མཐོང་ན་ཡིད་འཕྲོག་པར་བྱེད་པ་དང་། གཞན་ཁྲོ་ཐུང་ཕ་བུས་ནུབ་སྟག་གཟིག་གི་ཡུལ་ནས་འདོ་བ་ཁྱུང་གཤོག་སྔོན་མོ་རྐུས་རྗེས། རེ་ཞིག་སྐུང་མགོ་མ་ཐོན་པར་ཆེད་དུ་སྟག་རོང་གི་གཞིས་སུ་ཁྱེར་འོང་ནས་སྦས་སྐུང་བྱེད་སར་གྲགས་པའི་གནས་སོགས། སྟག་རོང་དཔོན་པོ་ཁྲོ་ཐུང་དང་འབྲེལ་བའི་རྗེས་ཤུལ་དང་། གཏམ་རྒྱུད་གསོན་པོ་མང་པོ་ད་སྦས་ཚུལ་དུ་བཞུགས་པ་དག་ནི། ཉེ་ལམ་གེ་སར་ལས་གཞི་སྣ་མང་གི་དགོས་མཁོའི་ཆེད། གསར་དུ་དྲན་འོང་བ་དག་གི་རིགས་དང་ཡེ་ནས་མི་འདྲ་བར། སྨུག་པོ་གདོང་གི་མི་རབས་ནས་མི་རབས་བར་ངག་རྒྱུན་ཟམ་མ་ཆད་དུ་བྱུང་བ་ཁོ་ན་ཡིན་འདུག་པས། གླིང་ཤུལ་ཞིབ་འཇུག་ལ་སྤྲོ་སྣང་ཅན་ཚོའི་ཐུགས་ལ་ངེས་འཚལ།

     ཞེས་གྲོགས་གསོ་བྱེད་པ་བདེ་པོས་མཁར་ཤུལ་གྱི་འདྲ་པར་སོགས་མཁོ་སྤྲོད་མཛད་སྐབས་གླིང་དགའ་བ་སྨིན་དབུས་དེས༢༠༡༩.༤.༢༥ ཉིན་གྱི་བསྙེལ་ཟིན་དུ་བཏབ་པའོ།།

  • ལེ་ཚན་སྔོན་མ།:གསེར་ཧོར་ཤུལ་ཡུལ་གྱི་གེ་སར་རིག་གནས།
  • ལེ་ཚན་རྗེས་མ།:གླིང་གི་རྗེས་ཤུལ་བཙལ་བ་ལས། ༡ འོམ་བུ་ཨ་ནུ་དཔའ་སེང་གི་སྐུ་མཁར།
  • དོ་སྣང་ཆེ་བའི་རྩོམ།