དྲིན་མ་ལོ་དགྱེས་པའི་མཆོད་དབྱངས།

དབྱངས་ཞི་བ།        2023-12-15

མི་ཚེ་རླུང་ལ་ཞོན་ནས་ལོ་ཟླའི་རི་བོ་བརྒལ་ཀྱང་། །

འཇིག་རྟེན་གྲུ་ག་ཆུང་ཆུང་བརྩེ་བའི་འོད་ཟེར་གནང་བའི། །

བར་ཐག་གྲོང་སྡེའི་ཆོད་པའི་རྒྱང་རིང་མགྲོན་པོའི་ཞིང་དེར། །

ཐུགས་བརྩེ་སངས་རྒྱས་མཉམ་པའི་ཡུམ་ཆེན་བུ་ངས་དྲན་བྱུང་། །

དཔྱིད་ཀྱི་དཔལ་ཡོན་རྒྱས་དུས་ནམ་མཁའ་སྟོང་པའི་ངོས་སུ། །

ངང་བའི་ངང་ཕྲུག་དང་བཅས་གཤོག་རྩལ་རྒྱས་ནས་འཕུར་དུས། །

བས་མཐའི་རྒན་པོའི་སེམས་སུ་བསིལ་རླུང་འཚུབ་འདྲའི་ཚོར་བའི། །

ལུས་རྟེན་འདི་ཡིས་ཚེ་ནོར་བྱམས་བརྩེའི་བདག་མོ་དྲན་སོང་། །

དབྱངས་སྙན་མགྲིན་པའི་བདག་པོ་ཁུ་བྱུག་མོན་ནས་ལོག་དུས། །

སྙན་འགྱུར་ངག་གི་སྒྱུ་རྩལ་རྣ་བའི་གསེང་ན་ཐིམས་ཏེ། །

འབྲུ་དྲུག་འཕྲེང་རྩ་རྫོགས་པའི་འགྲོ་བའི་སྙིང་གི་མགོན་པོ། །

ཡུམ་ཆེན་མཛངས་མ་ཁྱོད་ཉིད་འབྲོག་རའི་ནང་ནས་དྲན་བྱུང་། །

བྱ་བྱེའུ་དྲུག་འགྱུར་བསྒྲགས་ནས་ཉི་འོད་ལམ་ལམ་འཚེར་དུས། །

གཡང་དཀར་ངུར་སྒྲ་དང་བཅས་རི་རྩེའི་སྒང་ལ་འགྲིམ་ནས། །

ཁ་རླུང་མཁའ་ལ་འཁྱིལ་བའི་སྨིན་མ་བ་མོ་ཐིམས་དུས། །

མ་ཎིའི་གསུང་དབྱངས་འཐེན་པས་མ་ལོ་སྙིང་ལ་ཤར་བྱུང་། །



  • ལེ་ཚན་སྔོན་མ།:སྲིད་པའི་ཁྲོད་དུ་སྨྲེང་བའི་མགུར།
  • ལེ་ཚན་རྗེས་མ།:མཐོང་ཡུལ་གྱི་ཕ་ཡུལ།