ཧྲེན་དབྱང་གིས་བརྒྱད་ཟིལ་རྫོང་ལ་ཐུགས་རེ་འདི་ལྟར་གནང་།

        2023-12-15

སྤྱི་ཟླ12ཚེས10ནས12ཉིན་བར།  ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་བརྒྱད་ཟིལ་རྫོང་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་ནས་གཙོ་དོན་སློབ་གསོ་སྤེལ་ཚུལ་གྱི་སྙན་ཞུར་གསན་པ་དང་ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་ལས་ཀའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་བརྒྱད་ཟིལ་རྫོང་གི་ཡུན་རིང་བདེ་འཁོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་ཁ་ཕྱོགས་མཉམ་དུ་ཞིབ་འཇུག་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཆ་ཚང་ཞིང་འཕྱུགས་པ་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཁུལ་ཨུའི་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་དང་བསྟུན་པ། མཐོང་རྒྱ་ཆེ་རུ་གཏོང་བ་དང་བཀོད་བབ་ཆེ་རུ་གཏོང་བ།  འབད་འབུངས་ཡར་བརྩོན་དང་སྣེ་ཁྲིད་བྱེད་ཕོད་པ། གསར་གཏོད་གསར་སྐྲུན། སླར་ཡང་གནད་བརྟོལ་ཐུབ་པ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་རིགས་ཀྱི་བར་ཁྱམས་ཡག་པོ་སྐྲུན་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་ཡག་པོ་རྩོམ་པར་བརྒྱད་ཟིལ་རྫོང་གི་བྱས་རྗེས་དེ་བས་ཆེན་པོ་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

     ཚོགས་འདུར་བརྒྱད་ཟིལ་རྫོང་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་དོན་སྙན་སེང་ཞུ་བ་དང་ཚོགས་ཞུགས་ཁུལ་མགོ་ཁྲིད་སོ་སོས་གཏམ་བཤད་གནང་བ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་སྐབས་བརྗེ་བ་ནས་བཟུང་བརྒྱད་ཟིལ་རྫོང་ཏང་ཨུས་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགག་སྒྲོལ་དཀའ་སེལ་དང་བྱས་རྗེས་ཧུར་ཐག་བཞག་པས་རྫོང་ཡོངས་ཀྱི་དཔལ་འབྱོར་བསྡོམས་འབོར་བརྟན་པོའི་ངང་འཕར་བ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། གྲོང་ཡུལ་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་བྱུང་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་ཐོབ་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུར་བརྒྱད་ཟིལ་རྫོང་ལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་གཏོང་བའི་ཐད་ལས་འགན་གསར་པ་དང་འགྲན་སློང་གསར་པ་འཕྲད་པ་དང་། རིག་གནས་ཀྱི་ནང་དོན་དམིགས་བསལ་ལྡན་པ་དང་། རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པ། ཡུལ་སྐོར་ཁྲོམ་རའི་མདུན་ལམ་རེ་སྒུག་ཆོག་པ། ས་བབ་ཀྱི་ལེགས་ཆ་རིམ་བཞིན་དུ་མངོན་པ། གོ་སྐབས་གལ་ཆེན་གཅིག་ཐོག་གཅིག་བརྩེགས་ཀྱིས་མང་དུ་ཕྱིན་པ་བཅས་ནི་དཔལ་འབྱོར་རྒྱུན་ཆད་མེད་པར་འཕར་བའི་སྒུལ་ཤུགས་དང་ཡིད་ཆེས་གལ་ཆེན་ཞིག་རེད། བརྒྱད་ཟིལ་རྫོང་གི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་དམིགས་ཚད་གཏན་འཁེལ་དང་གོ་སྐབས་དམ་འཛིན་གྱིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་འཇུག་སྒོ་དང་ཤུགས་རྒྱག་ས་སྟངས་འཛིན་ནན་པོ་བྱས་ནས་ཤུགས་ཡོད་རྒུས་དཔལ་འབྱོར་འཛུགས་སྐྲུན་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་རྒྱུར་སྐུལ་བའི་ཐད་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

     ཧྲེན་དབྱང་གིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་རྒྱུནའཁྱོངས་ནས་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་འདེད་ཧུར་ཐག་གཏང་དགོས་པ་དང་།  མི་རིགས་མཐུན་སྒྲིལ་བྱེད་ཤུགས་མུ་མཐུད་དེ་ཆེ་རུ་བཏང་ནས་འཆམ་མཐུན་བརྟན་བརླིང་གི་བོད་དབྱིས་བར་ཁྱམས་བསྐྲུན་དགོས། གཙོ་དོན་སློབ་གསོ་ཏན་ཏིག་སྤེལ་ནས་ལས་སྒྲུབ་ལས་གཏོད་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་བར་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།


ལོ་ཙཱ་བ། ལྷ་འཛོམས།


  • ལེ་ཚན་སྔོན་མ།:རྒྱལ་ནང་གི་ཆུ་གློག་ས་ཚུགས་ཆེ་ཤོས་བསྐྲུན་འགོ་ཚུགས།
  • ལེ་ཚན་རྗེས་མ།:སྒྲོག་འགྲེལ་ཚོགས་པ་འདིར་རྒྱལ་ཡོངས་ཀྱི་མཚན་སྙན་ཐོབ།
  • དོ་སྣང་ཆེ་བའི་རྩོམ།