ང་ཡི་སེམས་སུ་ཁྱོད་ཉིད་འདི་ལྟར་འཆར།

གངས་ཆབ་ལྷ་སྲས།        2023-12-20

ཁྱོད་ནི་ནམ་མཁའི་ཚུལ་དུ་སྔོ་ཞིང་བསངས།།

ཁྱོད་ནི་ནོར་འཛིན་ལྟར་དུ་ཡངས་ཤིང་རྒྱས།།

ཁྱོད་ནི་སྤྲིན་དཀར་ཚུལ་དུ་བག་ཕེབས་རྒྱུ།།

ཁྱོད་ནི་ས་རྡུལ་བཞིན་དུ་ངེས་མེད་འཕུར།།

ཁྱོད་ཉིད་སྐྱ་རེངས་བུ་མོ་འགྲོགས་ནས་ཡོང་།།

ཁྱོད་ཉིད་མཚམས་སྤྲིན་ལྷན་དུ་རྒྱང་དུ་འགྲོ།

ཁྱོད་ཉིད་སྲོད་ཀྱི་གྲིབ་གཟུགས་འོག་ཏུ་གནས།།

ཁྱོད་ཉིད་ཞོགས་ཟེར་གོས་སུ་བཀླུབས་ཏེ་འཚོ།།

ཁྱོད་རང་དབྱར་གྱི་ཉི་ཟེར་སྤྲུལ་ནས་ཚེས།།

ཁྱོད་རང་དགུན་གྱི་ཁ་བ་བསྡོངས་ནས་ལྷུང་།།

ཁྱོད་རང་སྟོན་གྱི་རླུང་བུ་བསྡེབས་ནས་ལྡང་།།

ཁྱོད་རང་དཔྱིད་ཀྱི་མེ་ཏོག་མཉམ་དུ་འཁྲུངས།།

ཁྱོད་ནི་ཉིན་གྱི་ལོངས་སྤྱོད་རོལ་མཁན་ཡིན།།

ཁྱོད་ནི་མཚན་གྱི་མཛེས་སྡུག་འཐུ་མཁན་ཡིན།།

ཁྱོད་ནི་ཉིན་མཚན་བར་གྱི་ཟམ་ཤིང་ཡིན།།

ཁྱོད་ནི་དུས་ཚོད་རྒུམ་པའི་ནམ་ཟླ་ཡིན།།

ཁྱོད་ཀྱིས་རྒྱང་རིང་ཞིག་ཏུ་ལག་པ་བསྲིངས།།

ཁྱོད་ཀྱིས་རེ་སྨོན་བཏུས་ནས་ནམ་མཁའ་སྤུར།།

ཁྱོད་ཀྱིས་བདེ་སྡུག་དབྱངས་སུ་གྱེར་ནས་བླངས།།

ཁྱོད་ཀྱིས་འཚོ་བའི་ཕྱི་ནང་བསློགས་ནས་བསྟན།།

ཁྱོད་འདི་རི་རྩེར་འཁྲེང་བའི་སྨུག་པ་ཡིན།།

ཁྱོད་འདི་ནགས་ལ་འཁོར་བའི་འདབ་ལྡན་ཡིན།།

ཁྱོད་འདི་མཚོ་ཁར་དུང་བའི་ངང་ཆུང་ཡིན།།

ཁྱོད་འདི་རྩེད་དགའ་གཡེང་བའི་བྱིས་པ་ཉིད།།

ཁྱོད་ཀྱང་ས་གཞིའི་ཐོག་ཏུ་འགྱེལ་ཆོག་ལ།།

ཁྱོད་ཀྱང་ཆུ་སྒྲར་ཉན་ནས་བཞུད་ཆོག་ལ།།

ཁྱོད་ཀྱང་རླུང་བུའི་འཁྲིས་སུ་བཅར་ཆོག་ལ།།

ཁྱོད་ཀྱང་མེ་འོད་ལྡེ་པར་གོམས་ཆོག་ལ།།

ཁྱོད་སེམས་མི་འགྱུར་རི་བོ་གཤིས་བག་ལྡན།།

ཁྱོད་སེམས་དཀར་པོ་འོ་མའི་ངང་ཚུལ་མངའ།།

ཁྱོད་སེམས་གཞན་ཕན་དུང་གི་ཟླ་འོད་འཛུམ།།

ཁྱོད་ལ་མཚོན་ན་ཁྱོད་ཀྱི་རིན་ཐང་ཡོད།།



  • ལེ་ཚན་སྔོན་མ།:མཐོང་ཡུལ་གྱི་ཕ་ཡུལ།
  • ལེ་ཚན་རྗེས་མ།:སྐྱེ་བ་གཅིག་གི་སྙན་ངག།