ཧྲེན་དབྱང་གིས་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲའོ་ཙི་ཨང་དང་བཅས་པར་བཞུགས་མོལ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2023-12-20

           སྤྱི་ཟླ12པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོར་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲའོ་ཙི་ཨང་དང་བཅས་པར་བཞུགས་མོལ་གནང་བ་དང་། ཕྱོགས་གཉིས་པོས་ས་གནས་ཁེ་ལས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་ཞབས་སྐྱོར་རང་བཞིན་གྱི་རོགས་སྐྱོར་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཞིང་། དཀར་མཛེས་ཁུལ་དུ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་བསྐྲུན་པ་མགྱོགས་སུ་གཏོང་བ་སོགས་ལ་དམིགས་ནས་སྤེལ་རེས་དང་བཞུགས་མོལ་གནང་བ་རེད།

ཧྲེན་དབྱང་གིས་ཀྲའོ་ཙི་ཨང་དང་ལྷན་ཕེབས་རྣམས་ལ་དགའ་བསུ་ཞུས་པ་དང་། ཏ་ཐང་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྲེན་དབྱང་གིས་དཀར་མཛེས་ཁུལ་དང་ཏ་ཐང་སྤྱི་གཉེར་ཁང་བར་འབྲེལ་བ་ཟབ་ཅིང་། ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བརྟན་པོ་ཡོད་པ། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེ་བ་བཅས་ཡོད་པས་ང་ཚོས་ཏ་ཐང་སྤྱི་གཉེར་ཁང་ཚུད་པའི་ཁེ་ལས་ཚང་མ་དྲང་པོ་དྲང་གཞག་གི་སྒོ་ནས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་ནང་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན། ཏ་ཐང་སྤྱི་གཉེར་ཁང་གིས་ཧུར་བརྩོན་དངོས་སྒྲུབ་ཀྱི་རྣམ་འགྱུར་ཐོག་ནས་ཆུ་གློག་ཁང་གི་གནས་སྤོའི་ཡུལ་མི་བཀོད་སྒྲིག་དང་གཞུང་ལམ་བསྐྱར་སྐྲུན་སོགས་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་ཐག་གཅོད་འོས་འཚམ་བྱས་ཏེ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་དང་། ཡུལ་སྡེའི་ཕྱོགས་ཡོངས་དར་སྤེལ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་བ་སོགས་ཀྱི་ལས་འགན་གལ་ཆེན་ཁྲོད་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་དང་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་ཕོད་པའི་ཉམས་འགྱུར་མངོན་པ། འཕེལ་རྒྱས་དང་ཉེན་མེད་ཕན་འབྲས་མཐོན་པོའི་ཐོག་ནས་གཅིག་གྱུར་འཆར་འགོད་བྱེད་ཅིང་། ཉེན་མེད་ཐོན་སྐྱེད་དང་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་དང་། ཆུ་བོ་དང་མཚེའུ་ཡི་ཆུ་དཔོན་ལམ་ལུགས་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་ཡག་པོར་བྱས་ཏེ། ཉེན་མེད་གཞི་ཐིག་དང་སྐྱེ་ཁམས་ཀྱི་གཞི་ཐིག་དམ་པོར་བསྲུང་དགོས་ཞེས་ཐུགས་རེ་གནང་།

ཀྲའོ་ཙི་ཨང་གིས་ཉེ་བའི་ལོ་ཤས་རིང་གི་དཀར་མཛེས་ཁུལ་གྱི་སྐྱེ་ཁམས་དང་དམངས་འཚོའི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་བཏང་བའི་ཐད་ཐོབ་པའི་གྲུབ་འབྲས་གསར་པར་བཀྲ་ཤིས་སྨོན་འདུན་ཞུས་པ་དང་། དཀར་མཛེས་ཁུལ་གྱིས་ལོ་མང་རིང་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་ལས་སྒོའི་འཕེལ་རྒྱས་ཐད་སེམས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་།དཀར་མཛེས་ཁུལ་གྱིས་ཚོང་ལས་དང་ཚོང་པ། ཁེ་ལས་བཅས་ལ་རོགས་རམ་བྱེད་པའི་ཚོང་གཉེར་ཁོར་ཡུག་བཟང་པོར་གུས་བཀུར་ཞུས་པ་རེད། ཁོས་དཀར་མཛེས་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད་པས། ཏ་ཐང་སྤྱི་གཉེར་ཁང་གིས་སྔར་ནས་བཟུང་དཀར་མཛེས་ཁུལ་དང་མཉམ་ལས་འཕེལ་རྒྱས་གཏང་རྒྱུར་མཐོང་ཆེན་ཚད་མཐོན་པོར་བྱས་ནས་ནུས་རྒྱུའི་གློག་ཤུགས་མཁོ་སྤྲོད་འགན་ལེན་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁེ་ལས་དང་ས་གནས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་གཏིང་ཟབ་བྱེད་པ། མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ཞབས་སྐྱོར་རང་བཞིན་གྱི་རོགས་སྐྱོར་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་དང་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་འབྱོར་ཕྱུག་གི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:ཐབས་ཤེས་ཟུང་འཇུག་གིས་བྱ་བ་བསྒྲུབས་ན་གྲུབ་འབྲས་བཟང་པོ་ཤུགས་སུ་ཐོན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།