ཐབས་ཤེས་ཟུང་འཇུག་གིས་བྱ་བ་བསྒྲུབས་ན་གྲུབ་འབྲས་བཟང་པོ་ཤུགས་སུ་ཐོན།

ཀུན་དགའ་བསམ་གཏན་གྱིས་བསྒྱུར།        2023-12-18

ཐབས་ཤེས་ཟུང་འཇུག་གིས་བྱ་བ་བསྒྲུབས་ན་གྲུབ་འབྲས་བཟང་པོ་ཤུགས་སུ་ཐོན།
ཕྱག་ཕྲེང་རྫོང་ཁམས་ལྷོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་གཅིག་སྡུད་འཕེལ་རྒྱས་གླིང་ཁུལ།

དཀར་མཛེས་ཁུལ་གྱི་ལྷོ་ནུབ་རྒྱུད་དུ་ཆགས་པའི་ཕྱག་ཕྲེང་རྫོང་ནི་སི་ཁྲོན་དང་ཡུན་ནན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་ཡོད། ཤོར་ཆུའི་ངོགས་གཉིས་ལ་རྫོང་ཁོངས་ཀྱི་བོད་ཁང་དཀར་པོ་མུ་ཏིག་ཐང་མར་བརྡལ་བ་ལྟ་བུ་བཞེངས་ཡོད་པས་མི་རྣམས་ཀྱིས་ཤམ་པ་བྷ་ལ་ཕྱག་ཕྲེང་ཞེས་པའི་མིང་སྙན་མོ་ཞིག་བཏགས་ཡོད།

ས་ཁམས་གནས་ཡུལ་ལུང་ཁུག་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་པ། ཐོན་ལས་ཀྱི་རྨང་གཞི་ཞན་པ་སོགས་ནི་ཕྱག་ཕྲེང་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་གྱུར་ཡོད། ཕྱག་ཕྲེང་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་དེ་འཇུག་གཞི་དང་ཤུགས་རྒྱག་སར་བྱས་ཏེ་ཚོང་འགུགས་མ་འདྲེན་དང་།ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་ཐད་སླར་ཡང་ཤུགས་བརྒྱབ་ནས་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་བཞིན་ཡོད།

ཐོན་ལས་འཕེལ་རྒྱས་ཀྱི་སྒྲིག་བཀོད་ཆ་ཚང་བསྐྲུན་ནས་མ་དངུལ་འཇོག་མཁན་བཀུག།

ཕྲེང་སྟོད་གྲོང་རྡལ་དུ་གནས་པའི་ཕྱག་ཕྲེང་རྫོང་གི་ཁམས་ལྷོ་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་གཅིག་སྡུད་འཕེལ་རྒྱས་གླིང་ཁུལ་དུ་ཆེ་ཆུང་མི་འདྲ་བའི་ཐོག་ཁང་དཀར་པོ་བཅུ་ཕྲག་ཁ་ཤས་བཞེངས་ཡོད་པ་དང་། ཐོག་ཁང་སོ་སོའི་སྐྲུན་དངོས་ཚང་མར་ས་གནས་དེ་གའི་བཟོ་བཀོད་ཀྱི་ཁྱད་ཆོས་ལྡན།

ཐོག་ཁང་ཆུང་ཆུང་གི་ནང་ལ་སོང་དུས་མཐོང་སྣེ་གཞན་ཞིག་ནས་གནས་མཆོག་ངོ་མཚར་བ་ཞིག་ལྟ་ཆོག་པ་སྟེ། ཕྱི་ཚུལ་ཚང་མ་གཅིག་འདྲ་ཡིན་རུང་། ཐོག་ཁང་རེ་རེའི་ནང་དུ་ཐུན་མིན་གྱི་ཁྱད་ཆོས་ལྡན། ཐོག་ཁང་ལ་ལའི་ནང་དུ་ཆང་དྲི་འཐུལ་བ་དང་ལ་ལའི་ནང་དུ་སྨན་རྒྱུ་སྣ་ཚོགས་ཀྱིས་ཁེངས། ཡང་འགའ་ཞིག་གི་ནང་དུ་སྐེམ་ཟས་ཀྱི་དྲི་མ་འཐུལ། གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། ཁང་པ་སྟར་པ་དང་པོ་དེ་སྤྱི་གཉེར་ཁང་ཡིན་པ་དང་། ཚང་མས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པའི་ནང་དོན་མི་འདྲ་མོད།འོན་ཀྱང་དམིགས་བསལ་སྤུ་ཙམ་ཡང་མེད་པ་ཚང་མ་གཞི་ཁྱོན་ཅན་དང་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་ཤ་སྟག་ཡིན།

གླིང་ཁུལ་གྱི་ལས་སྒྲུབ་པ་ལིའུ་ཀྲི་ཆང་གིས་ང་ཚོའི་ཐོན་ལས་གླིང་དེ2011ལོ་ནས་སྐྲུན་འགོ་ཚུགས་ཤིང་། ད་བར་ལོ13ལ་ཟིན་གྲབས་ཡོད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ཐད་མ་དངུལ་སྒོར་དུང་ཕྱུར3.2བཏང་ཡོད། ཕྱག་ཕྲེང་རྫོང་གི་ལམ་ཐག་རིང་པོ་ཡིན་ཡང་གནམ་གཤིས་དྲོ་བ་དང་དུས་བཞིའི་ཉི་འོད་འདང་ངེས་ཡོད་པར་བརྟེན་ཐོན་ལས་དང་པོ་འཕེལ་རྒྱས་ཅུང་ཡག་པོ་བྱུང་ནས་ས་གནས་དེ་གའི་ཞིང་ཞོར་ཐོན་རྫས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། འོན་ཀྱང་འགྲིམ་འགྲུལ་གྱི་དབང་གིས་ཞིང་ལས་ཁྱད་རྫས་མང་པོ་ཞིག་མགྱོགས་མྱུར་སྐྱེལ་འདྲེན་བྱེད་ཐབས་བྲལ་བས་ཐག་ཉེ་སར་ཐད་ཚོང་བྱེད་པ་ལས་ཐོབ་པའི་དཔལ་འབྱོར་ཕན་འབྲས་ཆེན་པོ་མེད་ཅེས་བཤད།

ཞན་ཆ་གསབ་ཐུབ་པའི་ཆེད། ཕྱག་ཕྲེང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་གྲོང་སྡེའི་ཁྱད་ལྡན་ཐོན་རྫས་ལ་དམིགས་ནས་ལས་སྣོན་ཞིབ་ཚགས་བྱེད་པའི་མགོ་བརྩམས། བཟོ་ཁང་ཆུང་ཆུང་གཉེར་བར་ཐོན་སྐྱེད་མི་བཟང་བ་དང་། ཁེ་ལས་ཆེན་མོ་གཉེར་བར་ཉམས་མྱོང་མེད་པས་བསམ་གཞིག་ཐེངས་མང་བྱས་མཐར་ཕྱག་ཕྲེང་རྫོང་གིས་ཕྱི་ཕྱོགས་སུ་ཉམས་མྱོང་དང་དངོས་ཤུགས་ལྡན་པའི་སྤྱི་གཉེར་ཁང་ཆེན་མོ་ཡུལ་གྲོང་དུ་ནང་འདྲེན་བྱས་ནས་ས་གནས་དེ་གའི་ཞིང་ལས་ཁྱད་ཐོན་ལས་སྣོན་ཞིབ་ཚགས་བྱས་རྗེས་ཕྱིར་ཚོང་བྱ་རྒྱུ་གཏན་ལ་ཕབ།

བསམ་ཕྱོགས་དེ་ཡོད་ཚེ་ཕྱག་ཕྲེང་གི་དོན་དངོས་ལ་གཞིགས་ནས“སྤྱི་གཉེར་ཁང་ཆེན་མོ”ཇི་ལྟར་བྱས་ཏེ་ནང་འདྲེན་བྱ་རྒྱུ་དེ་དཀའ་གནད་གསར་པ་ཞིག་ཏུ་གྱུར་ཡོད། དེར་བརྟེན། 2011ལོར་ཁུལ་སྲིད་གཞུང་གིས་ཆོག་མཆན་སྤྲད་ནས་བཙུགས་པའི་ཁམས་ལྷོ་རྒྱུད་ཀྱི་ཁྱད་ལྡན་ཞིང་ཐོན་ལས་སྣོན་གཅིག་སྡུད་འཕེལ་རྒྱས་གླིང་ཁུལ་སྐྲུན་འགོ་ཚུགས་ཡོད། ཁེ་ལས་ནང་ཞུགས་པར་ཡིད་དབང་འགུག་ཆེད། གླིང་ཁུལ་གྱིས“རྨང་གཞིའི་སྒྲིག་བཀོད་སྲིད་གཞུང་གིས་བསྐྲུན་པ་དང་། སྒྲིག་ཆས་ལག་རྩལ་ཁེ་ལས་ཀྱིས་མ་དངུལ་འཇོག་པ”དང“ལོ་ལྔའི་རིང་བོགས་དངུལ་སྤྲོད་མི་དགོས་པ། ལོ་གསུམ་ནང་དངོས་ཟོག་དོ་དམ་གྱི་རིན་པ་མི་དགོས་པའི”གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱས།

ལོ་ཁ་ཤས་རིང་འབད་བརྩོན་བྱས་པར་བརྒྱུད། 2016ལོར་གཙང་ཆེན་སྨན་རྫས་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་དེ་གླིང་ཁུལ་དུ་ཞུགས་མཁན་ཐོག་མ་གྱུར་པ་དང་། ཉི་སྟེན་རྒུན་ཆང་ཚད་ཡོད་སྤྱི་གཉེར་ཁང་དེའི་རྗེས་སུ་འབྲངས་ཡོད། 2020ལོར་ཁྱད་ལྡན་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གླིང་ཁུལ་དུ་ཞུགས་པ་དང་། 2021ལོར་བོད་ཁྱིམ་ཆ་འཕྲིན་ལག་རྩལ་ཚད་ཡོད་སྤྱི་གཉེར་ཁང་དང་། བོད་རིགས་ས་ཁུལ་གྱི་ཞིང་བའི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། སྐྱིད་པོ་རེད་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་། ཁྲོན་ཡོན་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་བཅས་གླིང་ཁུལ་དུ་སྔ་ཕྱིར་འབྱོར་བ་དང་། 2022ལོར་ཤམ་བྷ་ལ་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གླིང་ཁུལ་དུ་ཞུགས་པ་དང་། ད་བར་གླིང་ཁུལ་དུ་ཁེ་ལས་བརྒྱད་ཡོད་པའི་ནང་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་ཁེ་ལས5དང་ས་གནས་དེ་གའི་ཁེ་ལས3ཡོད།

གསར་འགོད་པས་རྫོང་དེའི་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན།2023ལོ་ཁོ་ནར་རིམ་རྩིས་བྱས་ན་བཟོ་ལས་གླིང་ཁུལ་དུ་བཅའ་སྡོད་ཁེ་ལས་ལ་དངོས་ཟོག་དོ་དམ་གྲོན་དངུལ་སྒོར་ཁྲི3.8དང་ཁང་གླ་སྒོར་ཁྲི32ཆག་ཡང་བཏང་ཡོད།

ཐབས་ཤེས་ཟུང་འཇུག་གིས་བྱ་བ་བསྒྲུབས་ན་གྲུབ་འབྲས་བཟང་པོ་ཤུགས་སུ་ཐོན།
ཕྱག་ཕྲེང་རྫོང་དཔའ་བོ་གྲོང་སྡེའི་ཡུལ་མི་ཚོས་གཙང་ཆེན་སྨན་རྫས་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་རྒྱ་བོད་ལུགས་སྨན་རྫས་རྟེན་གཞིར་ལས་ཀ་བྱེད་བཞིན་པའི་ཚུལ།

ཞབས་ཕྱི་གང་ལེགས་བསྒྲུབས་ནས་ཁེ་ལས་འཕེལ་རྒྱས་ཀྱི་འབྱུང་འགྱུར་ལ་སེམས་ཁྲལ་མེད་པར་བྱས།

ནང་འདྲེན་བྱས་པ་ནི་གོམ་པ་དང་པོ་ཙམ་ཡིན་ཞིང་། རྐང་ཚུགས་ཐུབ་པ་ནི་འཇོན་ཐང་ངོ་མ་ཡིན།

གླིང་ཁུལ་དུ་ཐེངས་དང་པོར་ཞུགས་པའི་གཙང་ཆེན་སྨན་རྫས་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་ངོས་ནས་བརྗོད་ན། ལོ་བརྒྱད་ཀྱི་འཕེལ་རྒྱས་ལ་ཕྱག་ཕྲེང་རྫོང་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་རོགས་རམ་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད་ཅིང་། ཕྱག་ཕྲེང་རྫོང་གིས་མ་དངུལ་སྒོར་ཁྲི2500ལྷག་བཏང་ནས་རྨང་གཞིའི་སྒྲིག་བཀོད་དང་ཐོན་སྐྱེད་ཐད་སྤྱོད་པའི་ཁང་པ་བསྐྲུན་ཡོད།

གཉེར་ཚོང་ཁོར་ཡུག་དང་ཐོན་སྐྱེད་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཆེད། ཕྱག་ཕྲེང་རྫོང་གིས་ཡུལ་བབ་དང་བསྟུན་ནས《ཕྱག་ཕྲེང་རྫོང་གི་ཚོང་འགུགས་མ་འདྲེན་གྱི་གཟིགས་སྐྱོང་སྲིད་ཇུས(ཚོད་ལྟའི་ལག་བསྟར)》བཏོན་པ་དང་། ཁྲལ་བསྡུའི་གཟིགས་སྐྱོང་དང་། ནོར་སྲིད་རྒྱབ་སྐྱོར། གློག་སྤྱོད་ལྟ་སྐྱོང་། ཤེས་ལྡན་མི་སྣའི་ཞབས་ཞུ། སྲིད་དོན་ཞབས་ཞུ་སོགས་ཀྱི་ཐད་ནས་ཚོང་འགུགས་མ་འདྲེན་བྱས་པའི་རྫོང་དེའི་ཁེ་ལས་ལ་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱས་པ་དང་དུས་མཉམ་དུ།《ཕྱག་ཕྲེང་རྫོང་གིས་བཟོ་ལས་འཕེལ་རྒྱས་ལ་སྐུལ་བའི་བསམ་འཆར་འགའ་ཞིག》དང《ཕྱག་ཕྲེང་རྫོང་ཁོངས་ཡོངས་ཀྱི་ཐོན་ལས་བྱ་སྤྱོད་ཀྱི་བྱེད་ཐབས་ཁག་བཅུ》སོགས་ཀྱི་དཀའ་གནད་ཁག་ལ་དམིགས་ནས་ཁེ་ལས་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་དང་འཕྲད་པའི་དཀའ་ངལ་ལ་ཉན་ནས་གནད་དོན་འཚོལ་བསྡུ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཚན་ལ་ཞིབ་ཐོའི་ལམ་ལུགས་དང་འགན་འཁྲིའི་ལམ་ལུགས། དུས་བཀག་ནང་ཐག་གཅོད་བྱེད་པའི་ལམ་ལུགས་བཅས་ཀྱི་རྣམ་པའི་ཐོག་ནས་རེ་རེ་བཞིན་བཅོས་སྒྲིག་བྱས་ཏེ་ཁེ་ལས་ཀྱི་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད།

སྲིད་གཞུང་དང་ཁེ་ལས་སེམས་མཐུན་ངང་ནས་མདུན་དུ་བསྐྱོད། 2022ལོ་ཁོ་ནར་གླིང་ཁུལ་དེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.105ལ་ཟིན་པ་དང་།དེའི་ནང་ཞུགས་མཁན་ཁེ་ལས་ཀྱིས་མི56གི་ལས་ཞུགས་གནད་དོན་ཐག་བཅད་པ་དང་། དུས་ཚིགས་རང་བཞིན་གྱི་ལས་མི800ལྷག་ལ་སྐུལ་ཁྲིད་ཐུབ་ཡོད། ས་ཞིང་མུའུ2280འཁོར་རྒྱུག་ཐུབ་པ་དང་། འབབ་འཕར་སྒོར་ཁྲི400ཡན་ལ་སྐུལ་ཁྲིད་ཐུབ་ཅིང་།“ལོ་ལྔའི་ནང་རྨང་གཞི་འདིང་བ་དང་ལོ་གཉིས་ནང་ཕན་འབྲས་ཐོན་པའི”གླིང་ཁུལ་འཛུགས་སྐྲུན་དམིགས་འབེན་ཁྱོན་ཡོངས་ནས་མངོན་དུ་གྱུར་ཡོད།

གླིང་ཁུལ་གྱིས་སྔ་རྗེས་སུ་ཕྱི་ཕྱོགས་ནས་ནང་འདྲེན་བྱས་པའི་ཁེ་ལས་ཆེ་གྲས་ཁག་གིས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་པར་མ་ཟད། ས་གནས་དེ་གའི་ཁེ་ལས་ཉེན་མེད་འཕེལ་རྒྱས་ཡོང་བར་གོ་སྐབས་བཏོན་ཡོད།

གླིང་ཁུལ་དུ་བཅའ་སྡོད་བྱས་ནས་ཡུན་རིང་མ་སོང་བའི་བོད་ཁུལ་ཞིང་པའི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བ་ཀྲོའུ་ཅན་མིང་གིས་རང་ཁྱིམ་གྱི་ཁེ་ལས་དེ་གླིང་ཁུལ་དུ་བཅའ་སྡོད་ཐུབ་ནས་སེམས་ཧ་ཅང་དགའ་པོ་བྱུང་སོང་ཞེས་བཤད། ཀྲོའུ་ཅན་མིང་གིས་གཉེར་སྐྱོང་བྱེད་པའི་བོད་ཁུལ་ཞིང་པའི་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་བོ་ཀུ་ཤུ་ལས་སྣོན་དང་སྣོད་བླུགས་འཐུང་ཆུ་ཐོན་སྐྱེད་བྱེད་ཀྱི་ཡོད། ད་སྔར་ཀུ་ཤུའི་སིལ་ཁུ་ཐོན་སྐྱེད་བྱེད་ས་བཙུགས་མ་ཐག་ཡིན་པ་དང་དངོས་སུ་ཐོན་སྐྱེད་བྱེད་ཐུབ་མེད། རྫོང་ཨུ་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཕྱག་ཕྲེང་རྫོང་གི་ལས་ཁུངས་ཁག་དང་། སྤྱི་གཉེར་ཁང་གི་རྒྱུན་གཏན་གྱི་འཐུང་ཆུ་ཚང་མ་སྤྱི་གཉེར་ཁང་དེ་ནས་ཡོང་བ་དང་། ཟླ་བ་རེར་ཆུ་ཟོམ4000ལྷག་འཚོང་གི་ཡོད་པ་དང་། ཟླ་བ11པའི་བར་སྤྱི་གཉེར་ཁང་དེས་ཆུ་བཙོངས་ནས་སྒོར་ཁྲི80ལྷག་ལ་རག་ཡོད།

སྲིད་ཇུས་རེ་རེ་བཞིན་བཏོན་པ་དང་། བྱེད་ཐབས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བ། ལས་གཞི་རེ་རེ་བཞིན་ལས་འགོ་ཚུགས་པ་བཅས་ཀྱི་སྒོ་ནས་ཕྱག་ཕྲེང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད། ཟླ་བ11པའི་བར་ཚོང་འགུགས་མ་འདྲེན་གྱི་དམིགས་སར་འབྱོར་བའི་མ་དངུལ་སྒོར་དུང་ཕྱུར3.79ལ་ཟིན་ནས་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་འགྲུབ་ཡོང་བ་དང་། ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་ཁྲི1880ལ་ཟིན་པས་སྔོན་དཔག་བྱས་ན་ཟླ་བ་བཅུ་གཉིས་པའི་ཟླ་མཇུག་ཏུ་སྒོར་ཁྲི2500ལ་ཟིན་རྒྱུ་དང་། སྤུས་ལེགས་ཀྱི་ཚོང་འགུགས་མ་འདྲེན་ལས་གཞི12ལེགས་འགྲུབ་བྱུང་བ་དང་།2023ལོར་ཕྱག་ཕྲེང་རྫོང་གི་ཚོང་འགུགས་མ་འདྲེན་ལས་དོན་ཐད་གྲུབ་འབྲས་ཡག་པོ་ཐོབ་ངེས།

ཤེས་རྟོགས་བྱུང་བར་གཞིགས་ན། ཕྱག་ཕྲེང་རྫོང་གིས་ཕྱིན་ཆད་ཚོང་འགུགས་བྱེད་སྒོ་གལ་ཆེན་ཁག་གི་སྟེགས་བུ་གང་ལེགས་སྤྱད་དེ་ལས་གཞི་འོས་སྦྱོར་ཤུགས་ཆེན་བྱེད་པ་དང་།ཡན་ལག་རུ་ཁག་ཆུང་གྲས་ཀྱིས་ཚོང་འགུགས་ཧུར་ཐག་བྱས་ནས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱ་རྒྱུ་དེ་འགོ་འཛུགས་སར་བྱས་ནས་འཐབ་ཇུས་ཀྱི་མ་འཇོག་མཁན་ནང་འདྲེན་དང་ལས་གཞི་གལ་ཆེན་ནང་འདྲེན་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞིང་། དེ་དང་ཆབས་ཅིག་རྗེས་འདེད་ཞབས་ཞུ་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་གྲོས་མོལ་ལས་གཞི་དོན་འཁྱོལ་ཡོང་བར་བརྩོན་ལེན་དང་།གན་རྒྱ་བཞག་པའི་གཙོ་གནད་ལས་གཞིར་ཆེད་ལས་འཛིན་གྲྭ་བཙུགས་ནས་རྗེས་སྙེག་ཞབས་ཕྱི་བསྒྲུབ་རྒྱུ་ཡིན་ཞིང་། ནང་འདྲེན་དང་ལས་འགོ་ཚུགས་པའི་ལས་གཞིར་དུས་ཐོག་ཏུ་མཐུན་སྦྱོར་ཧུར་ཐག་བཅས་བྱས་ནས་ཞབས་ཞུ་ཁག་ཡག་པོ་བསྒྲུབས་ཏེ་སྡོད་ཐུབ་པ་དང་འཛུགས་སྐྲུན་མགྱོགས་པོ་ཐུབ་པ་འགན་ལེན་བྱས། གཞན་ཡང་བོད་ཕག་དང་བོད་བྱ་སོགས་ལེགས་ཆའི་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཡོང་བ་བྱས་ནས་མ་དངུལ་སྒོར་དུང་ཕྱུར3བཏང་སྟེ་ས་སྒང་ཡུལ་ཤོག་གི་ཞིང་འབྲོག་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་གླིང་འཛུགས་སྐྲུན་མགྱོགས་སུ་བཏང་ནས་ལས་སྣོན་གཞན་སྒྱུར་ནུས་པ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏང་རྒྱུ་དམིགས་འབེན་དུ་བྱས་ཏེ་ཐོན་ལས་སྦྲེལ་ཐག་སྣུར་སྲིང་པར་གཞི་ཚུགས་ནས་ཐོན་རྫས་ཀྱི་མ་ལག་ལེགས་པོར་ཡོང་བ་དམིགས་པ་དང་། ཁྱད་ལྡན་ལེགས་ཆའི་ཁེ་ལས་གླིང་ཁུལ་དུ་འདྲེན་པ། ཐོན་རྫས་ཁྱབ་གདལ་རྒྱ་ཆེར་གཏོང་བ། ཐོན་རྫས་འཁོར་རྒྱུག་ཐབས་ལམ་རྒྱ་སྐྱེད་པ། ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་འཚོལ་ཞིབ་དང་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།།



  • ལེ་ཚན་སྔོན་མ།:སྒྲོག་འགྲེལ་ཚོགས་པ་འདིར་རྒྱལ་ཡོངས་ཀྱི་མཚན་སྙན་ཐོབ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གི་རྐང་དཔོན་ཀྲའོ་ཙི་ཨང་དང་བཅས་པར་བཞུགས་མོལ་གནང་།
  • དོ་སྣང་ཆེ་བའི་རྩོམ།