སྐྱེ་བ་གཅིག་གི་སྙན་ངག།

ལྡེའུ་ནག།        2023-12-20

དབུས་ཀྱི་རི་བོའི་ཉག་ག་ནས། །

ཟླ་བ་གཙང་པོར་ལྷུང་རྗེས་སུ། །

ང་ཡི་སྐྱེ་བའི་འཁྲི་ཤིང་གི །

ལྕུག་ཕྲན་དག་ནི་གཡོ་བར་གྱུར། །

སྐྱེ་བ་ནགས་ཀྱི་ཁོང་གསེང་དུ། །

རྨི་ལམ་ནང་གི་རི་དྭགས་བཞིན། །

འཇིགས་སྐྲག་ངང་དུ་བྲོས་པ་ཡི། །

བདག་ནི་སྲིན་བུ་མེ་ཁྱེར་ཡིན། །

དགའ་སྐྱོ་ཆགས་སྡང་གྱང་རིས་ངོས། །

མཚོན་རྩི་སྟོང་གི་ལེགས་བྲིས་ཀྱང་། །

དུག་གསུམ་སྨག་གིས་ཟིན་དྲགས་པའི། །

བདག་ནི་མི་དགེའི་མེ་ཏོག་ཡིན། །

རེ་བ་སྟོང་གི་མདུན་རྒྱབ་ནས། །

ཉིན་མཚན་དབྱེ་བ་མ་མཆིས་པར། །

གྱེན་དུ་ཁོ་ན་འདེགས་པའི་ང་། །

དུས་བཞིའི་ཁྲོད་ཀྱི་ལྡོམ་པོ་ཡིན། །

ཐོག་མའི་རྨི་ལམ་མཚན་ལྗོངས་སུ། །

བདག་ནི་སྒྱུ་སྐར་མིན་ན་ཡང་། །

ས་གཞིའི་དཔང་ན་མཛེས་སྡུག་གི །

ལང་ཚོ་གྲོལ་བའི་དུས་ཀྱང་མཐོང་། །

རིམ་བཞིན་ལོ་ཟླའི་འཕོ་འགྱུར་ཁྲོད། །

སེམས་ཀྱི་རྣམ་རྟོག་ཁངས་ཆར་མ། །

དབྱར་དགུན་མེད་པར་བབས་དྲགས་པས། །

སྐྱོ་བའི་གདུང་བ་གཞི་ནས་ཚོར། །

ཡིན་ཡང་སྐྱོ་གདུང་འཚོ་བའི་སྤྲིན། །

བདག་གི་སྣང་བའི་ནམ་མཁའ་རུ། །

རྒྱུན་པར་ཉི་ཟླ་ལྟར་གསལ་བས། །

སྐབས་འགར་དུ་བའི་རྡུལ་གྱིས་སྒྲིབ། །

མག་མོག་རབ་རིབ་འདས་པའི་ལོ། །

གཅིག་དང་གཉིས་ཀྱིས་མི་ཚད་ཅིང་། །

ཕྲེང་རྡོག་ཡལ་བ་ནང་བཞིན་དུ། །

ཉི་ཤུའི་སྒང་ལམ་བསྙེགས་སོང་ངོ་། །

ལོ་དེ་སེམས་ཀྱིས་འཆབ་ན་ཡང་། །

ལུས་ལ་རྒུད་པའི་སྡོང་ལོ་སྐྱེས། །

དེ་ཡི་གཟུགས་དང་དེ་ཡི་ལུས། །

ཉིན་བཞིན་ལང་ཚོའི་མཛེས་པ་ཉམས། །

དུས་ཚོད་དེ་ལྟར་འདས་པའི་ཁྲོད། །

བདག་ཉིད་ཕོངས་པར་མི་འགྱུར་ཏེ། །

ཚོགས་དྲུག་རྣམ་ཤེས་འཇག་མའི་རླུང་། །

ཤེས་བྱའི་མེ་འོབས་ཚལ་ན་བྱིངས། །

མི་ཚེ་རྒས་ཀྱང་མི་འགྱོད་ཅིང་། །

དུས་ཚོད་རྒས་ཀྱང་མི་འགྱོད་ཅིང་། །

ལང་ཚོ་རྒས་ཀྱང་མི་འགྱོད་ཅིང་། །

ཚོར་བ་རྒས་ན་ཤིན་ཏུ་འགྱོད། །

འོད་ཐིགས་འདྲ་བའི་ཚོར་བ་དེ། །

དབྱངས་ཀྱི་རྒྱུད་སྐུད་རྣ་ཆ་ཟུང་། །

ལོ་ཟླའི་འགག་འཕྲང་རིང་མོ་ནས། །

རང་ལ་ཐོབ་པའི་ཉིང་ཁུ་ཡིན། །

ཚོར་བ་རླུང་གི་རྟོག་འགྱུའི་འོག །

སུ་ཞིག་ཚིག་གིས་ཡང་ཡང་སྐུང་། །

དེ་ནི་འདང་བརྩེའི་གཙང་པོ་ལས། །

རྒྱུན་དུ་འཕུར་བའི་ཁྲུང་ཁྲུང་ཞིག །

བདག་གི་བརྩེ་བའི་ནམ་མཁའ་ནི། །

ཤིན་ཏུ་ཡངས་པས་མཐའ་མ་མཐོང་། །

མུ་ཏིག་འདྲ་བའི་མཛེས་པ་དག །

དེ་ཡིས་རྒྱན་དུ་བྱས་པས་ཆོག །

ཀུན་རྟོག་ན་བུན་གཡོ་བའི་དུས། །

བདག་ནི་རང་ཚུགས་མི་ཟིན་ཞིང་། །

འཁོར་བ་ནགས་ཀྱི་ལྗོན་པའི་ཚལ། །

སྟོང་འཕུར་བྱེད་པའི་ཁྲུང་ཁྲུང་ཞིག །

འདི་ནས་གཞུག་མའི་ཚེ་རབས་ལ། །

འོད་ཀྱི་ཐག་པར་འཇུས་པའི་སྟོབས། །

རྨི་ལམ་བརྡ་ངོ་འཕྲོད་གྱུར་ནས། །

རང་བྱུང་ངག་ལ་དབང་གྱུར་ཤོག །

སྒྱུ་མའི་རི་དྭགས་མ་ཟིན་པས། །

འཁོར་བའི་མེ་ཏོག་མ་རྙེད་པས། །

དོན་དམ་འཚོ་བ་མ་རྙེད་པས། །

ལས་དབང་འདི་ལ་ཞེ་ནས་སུན། །

སྐྱེ་བ་གཅིག་གི་འཕོ་འགྱུར་ཁྲོད། །

རིག་བྱེད་ངག་ལ་རྗེས་ཆགས་ནས། །

ནམ་ཞིག་སྙན་ངག་དུར་ས་དེར། །

ཡིག་ཚོགས་བྱ་ཡིས་རྨིག་པར་ཤོག །

འུར་ཟིང་འདུ་འཛི་མོད་ས་ནས། །

ཡུན་རིང་སྙན་ངག་རིང་དུ་བྲིས། །

དེ་དག་མྱོང་བའི་སེམས་ཀྱི་ཆ། །

ད་དུང་སྤྲིན་གསེབ་ཟླ་བ་ལྟར། །

ལང་ཚོའི་མཛེས་པ་རྫོགས་སོ་ཞེས། །

ཚིག་རྒྱན་སྙན་པའི་རོལ་ཆ་དག །

རྣ་བར་ལན་མང་ཐོས་ན་ཡང་། །

དེ་ཡིས་བདག་ཡིད་ཚིམས་མ་གྱུར། །

ད་དུང་བདག་གི་འཚོ་བའི་ནང་། །

ཁུ་སིམ་འདྲ་བའི་རྗེས་ཆགས་མ། །

དུང་དུང་སེམས་ཀྱི་རོལ་དབྱངས་ནི། །

རྨི་ལམ་ནས་ཀྱང་གཏོང་བཞིན་ཡོད། །

བཙན་གྱིས་གཡར་བའི་ཚོར་བ་འདི། །

དོ་ནུབ་འཚོ་བ་སྐྱེལ་རོགས་ཡིན། །

སྐྱེ་བ་གཅིག་གི་བྱུང་རིམ་ཡང་ཡིན། །

མི་ཚེ་གཅིག་གི་ལས་རླུང་ཡིན། །

སྒེའུ་ཁུང་འོག་ནས་ཚོར་བ་རྒྱས། །

སྙན་ངག་པིར་ལ་རྗེས་སུ་ཆགས། །

ཟུང་འཇུག་སེམས་ཀྱི་རྣ་ཆ་ཟུང་། །

དབང་མེད་མགུལ་ལ་ཡང་དུ་སྒྲོན། །

སྐྱེ་བ་ཚེ་རབས་ཀུན་ཏུ་ཡང་། །

མེ་ཏོག་ཐོགས་པའི་ལྷ་མོར་ཤོག །

དྲི་བཞོན་རླུང་བུ་ལྡང་དུས་ན། །

དྲི་བསུང་ཐུལ་བའི་ལྗོན་པར་ཤོག །

སྣང་བ་གཟུགས་ཀྱི་མེ་ལོང་ནང་། །

མཛེས་སྡུག་གྲོལ་བའི་སྨིན་དྲུག་ཤོག །

དེ་ནས་སྐྱེ་བའི་གཞུག་མར་ཡང་། །

མེ་ཏོག་ལུས་སུ་ལེན་པར་ཤོག །

རྨི་ལམ་རྨིས་པའི་བར་སྟོང་ནང་། །

ཞེན་ཆགས་ས་རྡུལ་མེད་པར་ཤོག །

མི་ཚེ་གཅིག་གི་སྣང་འགྱུར་དག །

མཛེས་སྡུག་འཕྲོ་བའི་ཟླ་བར་ཤོག །

བདག་ནི་སྲེད་པའི་རོ་མྱགས་སུ། །

འདམ་གྱིས་བཟུང་བའི་ལྗོན་པ་མིན། །

ཟིལ་བས་བརླན་པའི་ལོ་མ་མིན། །

རླུང་བུས་སྒུལ་བའི་འདབ་ལོ་མིན། །

སྙིང་ལ་རེག་པའི་ཁྱོད་གཅིག་པུ། །

གཙང་པོའི་འགྲམ་གྱི་པདྨ་བཞིན། །

མིག་ཟུང་སྐར་མདའ་ཡལ་བའི་རྗེས། །

འགྱུར་ལྡོག་ཨེན་ཙམ་མེད་པར་ཤོག །

མི་ཚེའི་སྣང་བ་འགྱུར་བའི་རྗེས། །

ཚེ་རབས་གཅིག་ལ་བསམ་གཞིག་བྱས། །

ལོ་འདབ་བྲུག་པའི་འཁོར་འདས་འདི། །

རྣམ་རྟོག་ཅིག་གིས་ཆོ་འཕྲུལ་འདྲ། །

འཆི་བའི་རླུང་ཆེན་མ་ལྡང་བར། །

སྐལ་པའི་གཙང་པོ་མ་བཞུར་བར། །

གནམ་ས་གཅིག་ཏུ་མ་འདྲེས་པར། །

ཁྱོད་ཀྱི་འཛུམ་པ་བདག་གིས་འཐུང་། །

མཛའ་གཞས་རྙིང་པའི་རི་གྲོང་ན། །

ཚོར་བས་ཟིན་པའི་རྨིག་རྗེས་འདུག །

གཡེར་དྲིལ་རྣ་བར་ལྷུང་བའི་རྗེས། །

བརྗོད་མེད་ན་ཟུག་འབར་བར་ཤོག །

དེ་ལྟར་མི་ཚེའི་རྐང་ལམ་ནང་། །

ན་བུན་འདྲ་བའི་འཚོ་བ་ཞིག །

ཁེར་རྐྱང་རྣམ་ཤེས་ལྡོམ་པོ་ཡིས། །

གཏན་དུ་གཏན་དུ་མྱོང་བར་ཤོག །

དེ་ནི་སྲིད་པའི་འཕེལ་འགྲིབ་ཙམ། །

དེ་ནི་ཆགས་སྡང་གཡོ་བ་ཙམ། །

དེ་ནི་སྐྱེ་བའི་བརྒྱུད་རིམ་ཙམ། །

དེ་ལ་སྐྱོ་ཤས་མེད་པར་ཤོག །

ད་དུང་རིག་བྱེད་སྐྱེ་བའི་དབྱངས། །

འཆི་བར་ཕྱོགས་ཀྱང་མི་དོར་ཤོག །

བློས་སློང་སེམས་ཀྱི་བྲིས་པའི་ཚིག །

མ་འཆི་བར་དུ་འབྲལ་མེད་ཤོག །



  • ལེ་ཚན་སྔོན་མ།:ང་ཡི་སེམས་སུ་ཁྱོད་ཉིད་འདི་ལྟར་འཆར།
  • ལེ་ཚན་རྗེས་མ།:སེམས་ངོས་སུ་རྒྱུ་བའི་སྙན་ངག