དྲན་གདུང་གིས་གྱེར་བའི་གཞས།

གཅན་གླག་མིག།        2023-12-22

ལྷ་བྱ་ཁུ་བྱུག་སྔོན་མོ། །

མ་བསྡད་རྒྱང་ལ་འཕུར་ཐལ། །

བྱེའུ་ཆུང་ང་ཡི་སེམས་པ། །

འཁྱག་རོམ་དར་གྱིས་བསླུས་སོང་། །

ཕ་ལོ་ཁྲི་གདུགས་ཉི་མ། །

མ་བཞུགས་ནུབ་རིར་ཡལ་ཐལ། །

བུ་ཆུང་ང་ཡི་འཇིག་རྟེན། །

སྡུག་གི་མུན་པས་གཡོགས་སོང་། །

མ་ལོ་དཀར་གསལ་ཟླ་བ། །

མ་ཆགས་གནས་ལ་བུད་ཐལ། །

བུ་ཆུང་ང་ཡི་འཚོ་བར། །

སྐྱོ་བའི་ན་བུན་འཁྲིགས་སོང་། །

མཛེས་པའི་སྤང་རྒྱན་མེ་ཏོག །

མ་བཞད་ལོ་གཅིག་འགོར་སོང་། །

བུ་ཆུང་ང་ཡི་ཁྱིམ་གཞིར། །

སྐྱིད་པའི་བྲོ་བ་བོར་སོང་། །

ཡ་ཆུང་སྙིང་གི་བྱམས་པ། །

མ་འཕྲད་ཡུན་རིང་འགོར་སོང་། །

བཅོས་མིན་སེམས་ཀྱི་དུང་བ། །

ལྷ་སའི་སྐྱིད་ཆུར་ཐིམ་སོང་། །

གཤོག་རྩལ་ཡོད་ན་བསམ་བྱུང་། །

མཐུ་རྩལ་འཛོམས་ན་སྙམ་བྱུང་། །

མ་ཡུམ་གངས་རིའི་ལྗོངས་ལ། །

བསྐོར་བ་ལན་གཅིག་བརྒྱག་འདོད། །



  • ལེ་ཚན་སྔོན་མ།:སེམས་ངོས་སུ་རྒྱུ་བའི་སྙན་ངག
  • ལེ་ཚན་རྗེས་མ།:ལོ་རྒྱུས་ཐོལ་བུ་ཞིག།