སྦྱོང་བརྡར་ཁྲོད་ནས་ལང་ཚོའི་གཟི་འོད་འཚེར།། སྡུག་རུས་ཁྲོད་ནས་མི་ཚེའི་རིན་ཐང་མངོན།།

སྐལ་བཟང་རྒྱ་མཚོས་བསྒྱུར།        2023-12-22

དབང་པོ་སྐྱོན་ཅན་ཉི་མ་བདེ་ཆེན་གྱི་གནས་ཚུལ་རགས་བཀོད།

སྦྱོང་བརྡར་ཁྲོད་ནས་ལང་ཚོའི་གཟི་འོད་འཚེར།། སྡུག་རུས་ཁྲོད་ནས་མི་ཚེའི་རིན་ཐང་མངོན།།

ཉེ་ཆར། རྒྱལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་གཏོང་ཞིང་རིག་ནུས་ཀྱིས་འབྱུང་འགྱུར་བསྐྲུན་པའི་ལས་གནས་གསར་གཏོད་འགྲན་སྡུར་སྐབས་གསུམ་པའི་རྒྱལ་རོང་འགྲན་ཁུལ་གྱི་འགྲན་སྡུར་དུ། ལོ་རབས་དགུ་བཅུའི་ནང་སྐྱེས་པའི་དབང་པོ་སྐྱོན་ཅན་ཉི་མ་བདེ་ཆེན་རྐུབ་སྟེགས་འཁོར་ལོར་བསྡད་དེ་བྱ་དགའ་ཨང་དང་པོའི་གཟི་བརྗིད་དཔང་ཡིག་ལེན་སར་བསྐྱོད། ཟས་ཡིན་ན་རང་གི་ལག་ཟུང་ལ་བརྟེན་ནས་ཐོབ་པ་དང་། ལས་ཀ་ཡིན་ན་རང་གི་དགའ་ཕྱོགས་དེ་བསྒྲུབ་ན་སྐྱིད་ཟེར་བ་ལྟར། ཉི་མ་བདེ་ཆེན་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་ནའང་སེམས་ཁམས་བདེ་ཐང་དང་དཔའ་ངར་ཞུམ་མེད་ཅན་ཞིག་ཡིན་པས། ཁོས་རང་གི་ལག་ཟུང་ལ་བརྟེན་ནས་མི་ཚེར་མཚར་སྡུག་བྱིན། ལོ་དྲུག་གི་སྔོན་ལ། གློ་བུར་དུ་བྱུང་བའི་ནད་ངན་ཞིག་གིས་ལང་ཚོ་དར་བ་བབས་པའི་ཉི་མ་བདེ་ཆེན་ཡར་ལངས་མི་ཐུབ་པར་བཟོས། དེ་ནས་བཟུང་ཁོའི་མི་ཚེའི་ཁ་ཕྱོགས་གཏན་ནས་བསྒྱུར་བ་རེད། དེ་རྗེས་ཀྱི་ལོ་དྲུག་གི་ནང་ཁོས་སྐྱོ་སྡུག་ཁོག་ཏུ་བཅུག་ནས་ཐད་གཏོང་གི་ལས་ལ་འབད་པའི་འགོ་བརྩམས། ཁོང་གིས་འཚོ་བའི་ཁྲོད་འཕྲད་པའི་དཀའ་སྡུག་ཅི་འདྲ་ཡིན་རུང་སེལ་ཐུབ་པའི་སྙིང་སྟོབས་ཆེན་པོ་སྐྱེས་ཤིང་བྲག་ལྟ་བུའི་སྙིང་སྟོབས་ཀྱིས་མི་ཚེའི་ལམ་བུ་ཁྱད་པ་ཅན་ཞིག་བསྐྲུན། དཀའ་ངལ་ལ་གདོང་གཏད་ཕོད་པ་དང་མདུན་བསྐྱོད་ཀྱི་སྤོབས་པ་ཆེ་བ། རང་ཚུགས་རང་བརྟན་གྱི་རང་གཤིས་ལ་བརྟེན་ནས་ཉི་མ་བདེ་ཆེན་གྱི་མི་ཚེའི་ལམ་བུ་རིམ་བཞིན་བདེ་ནས་བདེ་བའི་ཕྱོགས་སུ་སོང་།

ནད་བྱུང་ནས་དབང་པོ་སྐྱོན་ཅན་དུ་གྱུར།

ཉི་མ་བདེ་ཆེན་ད་ལོ་ལོ30ལ་ཐོན། ཁོང་ནི་རོང་བྲག་རྫོང་མདའ་མདོ་གྲོང་རྡལ་བལ་རི་གྲོང་སྡེའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ཁོང་ནི་ཕུ་ནུ་མིང་སྲིང་ཚོ་ཁྲོད་ཆེས་ཆུང་ཤོས་དེ་ཡིན་པས། ཕ་མ་དང་ཕུ་ནུ་མིང་སྲིང་ཚོས་གཅེས་ཕྲུག་ཏུ་བཟུང་ཡོད། ཁོང་སློབ་མཐར་ཕྱིན་རྗེས་རང་གི་དགའ་ཕྱོགས་ཏེ་རླངས་འཁོར་ལས་བཟོའི་ལས་ཀ་བསྒྲུབས་པ་རེད། མི་ཚེ་ནི་དངོས་གནས་མི་རྟག་པའི་ནང་བཞིན་ཏེ། 2017ལོའི་ཟླ་བ3པར་རླངས་འཁོར་དོན་རྐྱེན་བྱུང་ནས། ཉི་མ་བདེ་ཆེན་གྱི་མི་ཚེའི་ཁ་ཕྱོགས་གཏན་ནས་འགྱུར་ལྡོག་བྱུང་སོང་། ཉི་མ་བདེ་ཆེན་བརྒྱལ་པ་ལས་སད་དུས་རང་ཉིད་ལ་སྐྱོན་ཆུང་ངུ་ཙམ་ལས་བྱུང་མི་འདུག་སྙམ་བཞིན་ཁྱིམ་མི་ཚོར་འཛུམ་མདངས་བསྟན་པ་རེད་མོད། འོན་ཀྱང་ཁོང་གི་ཉལ་ཐུལ་འོག་གི་རྐང་བ་གཉིས་ལ་ཚོར་བ་མེད་ཅིང་རྩ་བ་ཉིད་ནས་འགུལ་མི་ཐུབ་པར་གྱུར། དེའི་རྗེས་སྒལ་ཚིགས་ལ་གནོད་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་རྐང་པ་གཉིས་མ་གཅོད་ཐབས་མེད་བྱུང་བ་རེད། དེ་ནས་བཟུང་། ཉི་མ་བདེ་ཆེན་ཡར་ལ་གཏན་ནས་ལངས་མི་ཐུབ་པར་གྱུར།

སྐབས་དེ་དུས་ཉི་མ་བདེ་ཆེན་ལ་གནམ་རྡིབ་སོང་བ་ལྟ་བུའི་སྐྱོ་སྣང་ཞིག་སྐྱེས། སྨན་ཁང་ལས་བུད་རྗེས་ཀྱི་ལོ་ཕྱེད་ནང་། ཉི་མ་བདེ་ཆེན་ཉིན་མཚན་དབྱེ་བ་མེད་པར་ཉལ་ཁྲི་སྟེང་དུ་ཉལ་ནས་བསྡད་དགོས་པ་བྱུང་། མ་གཞི་གསོན་ཉམས་ལྡན་ཞིང་ལང་ཚོ་དར་ལ་བབས་པའི་གཞོན་ནུ་དེ་ད་ལྟ་རང་མགོ་མི་ཐོན་པར་ཉལ་སར་ལྷུང་བའི་དབང་པོ་སྐྱོན་ཅན་ཞིག་ཏུ་གྱུར། དེའི་ཐོག་ལ་སྨན་ཡོན་ཡང་ཆེན་པོ་ཞིག་སྤྲད་དགོས་པའི་དཀའ་ངལ་ལ་འཕྲད་པས། འགྱུར་ལྡོག་ཆེན་པོ་དེ་ལ་ཁོང་གིས་དང་ལེན་ཞུས་མ་ཐུབ་ཅིང་། སྡུག་བསྔལ་བཟོད་ཐབས་མེད་པའི་ཁྲོད་དུ་གནས་སྐབས་ཤིག་ཏུ་ཁོང་ལ་མུག་ནད་ཕོག་པ་རེད།

དེང་སང་འདང་ཞིག་རྒྱག་ཡོང་དུས་ཚང་མ་རྨི་ལམ་ཐེངས་ཞིག་རྨིས་པ་ལྟ་བུ་རེད་འདུག་ཅེས་ཉི་མ་བདེ་ཆེན་གྱིས་དེ་ལྟར་བཤད། 2017ལོ་དང2019ལོ་བར་ནི་ཉི་མ་བདེ་ཆེན་ལ་མཚོན་ན་མི་ཚེ་ཁྲོད་དུ་ཆེས་མུན་ནག་གི་དུས་ཚོད་ཞིག་རེད། ལོ་གཉིས་ཀྱི་ནང་དུ་ཁོང་གྲོགས་པོ་ཚོ་དང་འཕྲད་འདོད་མེད་ཅིང་། མི་གཞན་པ་དང་སྐད་ཆ་བཤད་འདོད་མེད་ལ། ཉིན་མོར་སྒོར་འབུད་འདོད་གཏན་ནས་མེད། མཚན་མོར་གཞི་ནས་རྐུབ་སྟེགས་འཁོར་ལོར་བསྡད་དེ་ཕྱི་རོལ་དུ་མཁའ་དབུགས་གསར་པ་རྔུབ་ཏུ་སོང་། ཉི་མ་བདེ་ཆེན་གྱིས་ཉིན་མོར་ཕྱི་ལ་བུད་ན་གཞན་པས་མཐོང་དོགས་སྐྲག་ནས་སྒོར་གཏན་ནས་འབུད་ཕོད་ཀྱི་མེད་ཅེས་བཤད། འོན་ཀྱང་། དཀའ་ལས་རྒྱག་བཞིན་པའི་ཁྱིམ་མི་དག་གི་ངོ་གདོང་མིག་སྣང་འཆར་དུས། ཉི་མ་བདེ་ཆེན་གྱི་ཡིད་ལ་སེམས་འགུལ་ཆེན་པོ་ཐེབས་ཏེ་སྟོབས་ཤུགས་ཆེན་པོ་ཞིག་ཀྱང་སྐྱེས་པ་རེད། ཕ་མ་སོགས་ངའི་ཆེད་དུ་སེམས་ཁྲལ་ཆེན་པོ་དང་འོ་བརྒྱལ་གྲངས་ལས་འདས་པ་ཞིག་མྱོང་ཡོད་པ་རེད། ད་ནས་བཟུང་། སྐྱོ་སྣང་གི་སེམས་པ་སྤངས་ནས་ད་ཡོང་ཀྱི་གནས་ཚུལ་ལ་གདོང་གཏད་དེ། གཉེན་ཉེ་ཚོ་ངའི་ཆེད་དུ་སེམས་ཁྲལ་དང་སྡུག་བསྔལ་མི་ཡོང་བ་ཞིག་ཅིས་ཀྱང་བྱ་དགོས་ཞེས་ཉི་མ་བདེ་ཆེན་གྱིས་སེམས་ཐག་རྦད་དེ་བཅད། ཁྱིམ་མི་ཡོངས་ཀྱི་རོགས་རམ་འོག་ཏུ། ཉི་མ་བདེ་ཆེན་གྱིས་གསོ་བཅོས་དང་ལེན་བྱ་འགོ་བརྩམས་པ་རེད། ཁོང་གིས་ཐེངས་དང་པོར་ཁ་པར་ནང་རང་ཉིད་ཀྱི་གསོ་བཅོས་གནས་ཚུལ་གྱི་བརྙན་ཐུང་བཏང་བས་དྲྭ་གྲོགས་སེམས་པ་བཟང་པོ་མང་པོའི་བསྟོད་པ་དང་དཔྱད་འཇོག་བཟང་པོ་ཐོབ་པ་རེད། ཚང་མས་ཁོང་ལ་སྐུལ་སློང་དང་རྒྱབ་སྐྱོར་གནང་བར་མཐོང་དུས་སེམས་འགུལ་ཆེན་པོ་ཐེབས་ནས་དཀའ་ངལ་ལས་རྣམ་པར་རྒྱལ་ཐུབ་པའི་བློ་སྟོབས་ཡང་ཡང་སྐྱེས།

སྨན་བཅོས་དུས་ཡུན་རིང་པོ་དང་རང་ཉིད་ཀྱི་སྦྱོང་བརྡར་ལ་བརྟེན་ནས་དང་ཐོག་ཉལ་སར་ལྷུང་ནས་མི་གཞན་པས་རོགས་པ་མ་བྱས་ན་རང་མགོ་མི་ཐོན་པའི་མི་ཞིག་ད་ནི་ལག་རྟེན་ལ་བརྟེན་ནས་འགྲོ་ཐུབ་པར་གྱུར། བརྒྱུད་རིམ་དེ་ནི་བློ་བརྟན་འགྱུར་མེད་ཀྱིས་སྡུག་རུས་བྱེད་པའི་འབྲས་བུ་ཡིན། དེ་ནས་བཟུང་ཉི་མ་བདེ་ཆེན་སྒོར་བུད་ནས་གྱོན་ཆས་ཉོ་བ་དང་ཟས་བཟའ་སར་འགྲོ་བར་མ་ཟད། རིམ་བཞིན་མི་གཞན་དང་ཁ་བརྡ་བཤད་འདོད་སྐྱེས། ཁྱིམ་མིའི་རྒྱབ་སྐྱོར་དང་དྲྭ་གྲོགས་ཀྱི་སྐུལ་ལྕག་འོག་ཁོང་རིམ་བཞིན་ཉམ་ཐག་པའི་གནས་ལས་ཐར་ཐུབ་པ་བྱུང་།

གཟུགས་པོའི་སྐྱོན་ཆ་སེམས་ཀྱི་སྙིང་སྟོབས་ལས་རྒྱལ་མི་ཐུབ་པར་མ་ཟད། སྙིང་སྟོབས་ཀྱི་གཙང་པོས་སྡུག་བསྔལ་གྱི་དྲེག་མ་བསལ་ཐུབ། ཚང་མའི་རྒྱབ་སྐྱོར་དང་ངར་སློང་འོག། ཉི་མ་བདེ་ཆེན་གྱིས་རང་ཉིད་ལ་མི་ཚེའི་འཆར་འགོད་གསར་པ་ཞིག་བཟོ་འགོ་བཙུགས། ཁོང་གི་སེམས་སུ་འབད་བརྩོན་གྱི་མི་ཚེ་ནི་ངོ་མཚར་ལྡན་པའི་མི་ཚེ་དང་། སྡུག་རུས་ཀྱི་མི་ཚེ་ནི་མི་ཚེ་ཡང་དག་པ་ཡིན་པའི་ཡིད་ཆེས་བརྟན་པོ་རྙེད།

འབད་བརྩོན་ལྷོད་མེད་ཀྱིས་ལས་ལམ་གསར་དུ་བཏོད།

འཚོ་བའི་ཁྲོད་དཀའ་ངལ་དང་སྡུག་སྔལ་ཅི་འདྲ་འཕྲད་རུང་མུ་མཐུད་ནས་རྒྱུན་འཁྱོང་དགོས་པ་ལས་འོས་མེད། ཉི་མ་བདེ་ཆེན་གྱི་གནས་ཚུལ་ལ་རོང་བྲག་རྫོང་ཏང་ཨུ་དང་སྲིད་གཞུང་། ཏན་ཏོང་གྲོང་རྡལ་ཏང་ཨུ་སྲིད་གཞུང་། པན་ཨ་གྲོང་སྡེའི་ཨུ་ལྷན་གཉིས་བཅས་ཀྱིས་དོ་ཁུར་ཆེན་པོ་ཐོབ་པ་རེད། གྲོང་རྡལ་དང་གྲོང་པའི་ལས་བྱེད་པ་ཚོས་ཁོང་ལ་དབང་པོ་སྐྱོན་ཅན་གྱི་ཁ་གསབ་རོགས་དངུལ་དང་འཚོ་བའི་རོགས་དངུལ་རེ་ཞུ་བྱས་ནས། ཁོང་གི་མ་མཐའི་འཚོ་བར་འགན་སྲུང་ཐུབ་ཡོད། སྨན་བཅོས་འགྲོ་སོང་རྩིས་ཞུའི་སྲིད་ཇུས་རག་ཐབས་བྱས་ནས་ཁོང་གི་སྨན་བཅོས་འགྲོ་སོང་གི་གནོན་ཤུགས་ཡང་དུ་བཏང་ཡོད། རྫོང་དང་གྲོང་རྡལ། གྲོང་སྡེའི་མགོ་ཁྲིད་དང་ལས་བྱེད་པ་ཚོ་དུས་རྒྱུན་ཁོང་ལ་བལྟ་སར་བསྐྱོད་པ་དང་ལྟ་སྐྱོང་གནང་། མ་མཐའི་འཚོ་རྟེན་འགན་སྲུང་མ་དངུལ་རེ་ཞུ་བྱེད་རོགས་དང་སྨན་བཅོས་ཉེན་སྐྱོབ་གྱི་གྲོན་དངུལ་སྤྲོད་རོགས་བྱེད་པ་སོགས་འཚོ་བའི་ཐད་ནས་རོགས་རམ་ཆེན་པོ་ཐོབ་ཡོད། ཏང་དང་རྒྱལ་ཁབ་ཀྱི་སེམས་ཁུར་དང་རྒྱབ་སྐྱོར་འོག། ཉི་མ་བདེ་ཆེན་གྱི་སེམས་དྲོད་ཁོལ་བཤད་མི་ཤེས་ཞིག་འཁྱིལ་བ་དང་འཚོ་བར་དེ་ལས་ཡིད་ཆེས་བརྟན་པོར་སྐྱེས།

ཏང་དང་རྒྱལ་ཁབ་ཀྱིས་སེམས་ཁུར་རྒྱབ་སྐྱོར་བྱེད་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ང་རང་རྐང་བ་སྐྱོན་ཅན་ཞིག་ཡིན་ན་ཡང་སྙིང་སྟོབས་སྲ་ཞིང་བརྟན་པ་ཞིག་ཡོད། མི་ཚེ་གང་བོར་མི་གཞན་གྱིས་རང་ཉིད་སྐྱོར་མི་དགོས་པ་རང་གི་ལག་ཟུང་ལ་བརྟེན་ནས་ལས་ལམ་གསར་དུ་བཏོད་དེ་རང་ཁ་རང་གིས་གསོ་ཐུབ་པ་ཞིག་བྱ་རྒྱུ་ཡིན་ཞེས་ཉི་མ་བདེ་ཆེན་གྱིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

བརྙན་ལེན་འཕྲུལ་ཆས་ཀྱི་མདུན་དུ་ཀྲུང་གོའི་བཀྲ་ཤིས་པ་ཏྲ་དང་མཛེས་མ་ལུང་པའི་མིང་རྟགས་ཀུ་ཤུ། གཡེར་མ་སོགས་ལག་བཟོས་དང་ཞིང་ཞོར་ཐོན་རྫས་གྲལ་འགྲིག་པོ་ངང་སྒྲིག་འདུག་ཅིང་། ཉི་མ་བདེ་ཆེན་གྱི་ངོ་ལ་འཛུམ་མདངས་ཁེངས་ནས་འཛད་སྤྱོད་པར་ཚོང་རྫས་རེ་རེའི་ཁྱད་ཆོས་ངོ་སྤྲོད་བྱེད་བཞིན་འདུག། ཁོང་གིས་ངས་ཀྱང་ཐད་གཏོང་བྱས་ནས་ཚོང་རྫས་བཙོང་རྒྱུ་བྱུང་བར་རྩ་བ་ཉིད་ནས་དྲན་མ་བྱུང་ཞེས་བཤད། 2022ལོའི་ཟླ་བ11པར། ཉི་མ་བདེ་ཆེན་གྱིས་འཁྱུག་དབྱིངས་ནས་ཐད་གཏོང་བྱ་འགོ་བརྩམས་ནས་འབྲུ་སྣུམ་དང་བྲོ་རྫས། འཚོ་བའི་མཁོ་ཆས་སོགས་ཀྱི་བཙོངས། དེ་དང་ཆབས་ཅིག་ཞེན་འབྲང་པ་ཡང་ཉིན་རེ་བཞིན་ཇེ་མང་དུ་གྱུར་ནས་ཡོང་སྒོ་ཡང་ཇ་ནོམ་པ་ཞིག་ལོན་པ་རེད། དེ་སྔོན་གྲོང་སྡེ་མང་པོའི་གཡེར་མ་ལོ་ལེགས་བྱུང་ཡང་རྒྱུ་རྐྱེན་མང་པོ་ཞིག་གིས་འཚོང་ཐབས་ཡག་པོ་མེད། གྲོང་ཚོའི་ཧྲུའུ་ཅི་དང་པོས་འཁྱུག་དབྱིངས་ནས་ཐད་གཏོང་དང་སྐད་འཕྲིན་གྱི་གྲོགས་ཚོམས་ནང་བརྒྱུད་བསྐུར་གྱི་ཐབས་ལ་བརྟེན་ནས་མཐར་གཡེར་མ་ཚང་མ་བཙོངས་ཐུབ་ཡོད་པ་རེད། དོན་དག་དེས་ཉི་མ་བདེ་ཆེན་ལ་བབ་ཆགས་ཟབ་མོ་ཞིག་ཐེབས། དེ་ནས་ཁོང་གིས་ཀྱང་ཐད་ཚོང་དང་དྲྭ་ཚོང་ལ་སློབ་སྦྱོང་བྱ་རྒྱུའི་སེམས་ཐག་བཅད། གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མིར་ཐོབ་ཅེས་པ་ལྟར། ཉི་མ་བདེ་ཆེན་གྱིས་ཐད་གཏོང་སྒྲིག་ཆས་ཉོ་བ་དང་བཟོ་གྲྭ་དང་སྦྲག་སྐྱེལ་ལ་འབྲེལ་བ་བྱེད་པ་སོགས་གྲ་སྒྲིག་ཚགས་སུ་ཚུད་པ་བྱས།

དང་ཐོག་ཐད་གཏོང་གི་སྐབས་སུ་སྐྲག་སྣང་དང་དོགས་མི་བདེ་བ་བྱུང་ཡང་ཁོང་གིས་སློབ་སྦྱོང་དང་ཚོད་ལྟ་ཆད་མེད་བྱས་ཤིང་དྲྭ་གྲོགས་ཚོའི་སྐུལ་ལྕག་འོག་རིམ་བཞིན་སེམས་ལྷོད་ལ་བབས་ནས་ཐད་གཏོང་ཐུབ་པ་དང་འབྲེལ་ཉམས་མྱོང་ཡང་ཕུན་སུམ་ཇེ་ཚོགས་སུ་སོང་། ཁོང་གི་ཐད་གཏོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དྲྭ་གྲོགས་ཀྱང་ཇེ་མང་དུ་གྱུར། ཐད་གཏོང་ཚོང་ལམ་ཉིན་རེ་ལས་ཉིན་རེ་ཇེ་ཡངས་སུ་ཕྱིན་པ་དང་བསྟུན་ནས་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་ཡང་བཟང་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད།

རེ་སྨོན་བཟང་པོ་བཅངས་ནས་མདུན་དུ་སྐྱོད།

ཉི་མ་བདེ་ཆེན་གྱིས་ཉེ་སྔོན་དུ་ང་རང་ཀྲུང་གོའི་བཀྲ་ཤིས་པ་ཏྲའི་ལག་རྩལ་དང་ཐད་གཏོང་ལག་རྩལ་ཟུང་དུ་འབྲེལ་བའི་གསོ་སྦྱོང་འཛིན་གྲྭར་ཞུགས་པ་ཡིན། ཐད་གཏོང་གི་ཡུལ་དངོས་ནས་ཀྲུང་གོའི་བཀྲ་ཤིས་པ་ཏྲ་བསླས་མ་ཐག་ཚོང་རྫས་ཀྱི་མངག་ཐོ་ཡང་འབྱོར་བྱུང་། ང་ནི་དངོས་གནས་ལས་བཟང་ཞིག་རེད། ལག་རྩལ་གསར་པ་སྦྱང་རྒྱུ་རག་པར་མ་ཟད་ཐད་གཏོང་བྱེད་ས་ཡང་སྤྲད་བྱུང་། རང་ཁྱིམ་ནས་ལས་ཞུགས་ཐུབ་ཅིང་ཡོང་སྒོ་ཡག་པོ་རག་གི་འདུག། འབྲས་བཟང་འདི་དག་ཚང་མ་ནི་ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་ཅིན་ཏུང་ཆུས་ཀྱི་རོགས་སྐྱོར་ཟོལ་མེད་ལས་ཐོབ་པ་ཡིན་པས་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བ་ལྟར་ན། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་ཁུལ་གྱི་རོང་བྲག་རྫོང་དུ་བཅའ་སྡོད་ལས་དོན་ཚོ་ཆུང་གི་རྒྱབ་སྐྱོར་འོག། ཀྲེ་ཅང་ཞིང་ཆེན་བུད་མེད་ཕྱུག་དར་ཞབས་ཞུ་ལྟེ་གནས་དང་ཡི་ཝུའུ་བཟོ་ཚོང་ལས་རིགས་ལག་རྩལ་སློབ་གླིང་། ཅིན་ཧྭ་གྲོང་ཁྱེར་བུད་མེད་དྲྭ་ཐོག་ལས་གཏོད་མཐུན་ཚོགས་སོགས་སློབ་གྲྭ་ཆེན་མོའི་དགེ་རྒན་དང་ཁེ་ལས་པ། སློབ་ཆེན་སློབ་མ་མི10ལྷག་ལས་གྲུབ་པའི་བུད་མེད་རོགས་སྐྱོར་ལས་དོན་ཚོ་ཆུང་གིས་རོང་བྲག་རྫོང་ཁོངས་ཡོངས་སུ་ཀྲུང་གོའི་བཀྲ་ཤིས་པ་ཏྲའི་ལག་རྩལ་དང་ཐད་གཏོང་ལག་རྩལ་ཟུང་དུ་འབྲེལ་བའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་ཆབས་ཅིག། ལས་དོན་ཚོ་ཆུང་གིས་སློབ་མའི་དངོས་ཡོད་གནས་ཚུལ་དང་དགོས་མཁོར་གཞིགས་ནས། ཆེད་ལས་ཀྱི་ཐད་གཏོང་སྒྲིག་ཆས་དང་ཐད་གཏོང་མཉེན་ཆས་མཁོ་འདོན་བྱས་ནས་སློབ་མ་ཚོའི་ནམ་རྒྱུན་གྱི་སྦྱོང་བརྡ་དང་ཐད་ཚོང་། ལས་རིགས་གསར་གཏོད་ཀྱི་དགོས་མཁོ་བསྐངས་པར་བརྟེན། སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

དྲ་བས་ཉི་མ་བདེ་ཆེན་ལ་མཁའ་དབྱིངས་སུ་འཕུར་རྩལ་ངོམ་ཆོག་པའི་གོ་སྐབས་ཤིག་བསྐྲུན་ཡོད་ན། ཐད་གཏོང་བརྒྱུད་ནས་ཅ་ལག་ཚོང་བས་ཉི་མ་བདེ་ཆེན་ལ་གཤོག་པ་ཆ་གཅིག་སྤྲད་ཡོད་ཅེས་ཟེར་ཆོག། ཉི་མ་བདེ་ཆེན་གྱིས་བཤད་པ་ལྟར་ཁོང་གིས་རང་ལས་རིགས་གསར་པ་གཉེར་པའི་ལོ་ནང་ལ་ཡོང་འབབ་ཆེན་པོ་དེ་ཙམ་མེད་རུང་། ཁོང་གིས་མགྲོན་བདག་ཚོའི་བསམ་འཆར་ཞིབ་ཕྲ་ཉན་པ་དང་ཁོ་ཚོའི་དྲི་བར་ལན་ཁ་གསལ་འདེབས་གང་ཐུབ་དང་། ཐོན་རྫས་ཀྱི་རྒྱུ་སྤུས་ཡང་དག་ཡིན་མིན་ཞིབ་བཤེར་གང་ལེགས་བྱས་ནས་མགྲོན་པོ་ཚོའི་དགོས་མཁོ་རེ་རེ་བཞིན་བསྐངས་པ་རེད། མ་འོང་པའི་འཆར་གཞིའི་སྐོར་གླེང་བའི་ཚེ། ཁོང་གིས་གཙོ་བོ་ནི་ཐད་གཏོང་ཅ་ལག་བཙོང་རྒྱུའི་ལས་ཀ་མུ་མཐུད་དེ་ཡག་པོ་བསྒྲུབ་རྒྱུ་དང་ཀྲུང་གོའི་བཀྲ་ཤིས་པ་ཏྲའི་ལག་རྩལ་བྱང་ཆུབ་པ་ཞིག་སྦྱང་རྒྱུ་དེ་ཡིན། ད་དུང་ང་ལ་རེ་འདུན་ཞིག་ཡོད་པ་ནི་རོང་བྲག་གི་ཡུལ་ལྗོངས་མཛེས་པོ་དེ་ཚོ་ཕྱི་ཕྱོགས་སུ་མཚམས་སྦྱོར་དྲིལ་བསྒྲགས་བྱས་ནས། མགྲོན་པོ་དེ་ལས་མང་པོས་རོང་བྲག་ལ་ཆ་རྒྱུས་ལོན་ཐུབ་པ་དང་། རོང་བྲག་ལ་ཡུལ་སྐོར་ཡོང་བ། རོང་བྲག་ལ་དགའ་ཞེན་ཆགས་ཐུབ་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

འབད་བརྩོན་གྱིས་ཁེངས་པའི་ལང་ཚོ་ནི་འགྱོད་པ་མེད་པའི་ལང་ཚོ་ཞིག་ཡིན། ཉི་མ་བདེ་ཆེན་གྱིས་དབང་པོ་སྐྱོན་ཅན་ཞིག་ཡིན་རུང་སྙིང་སྟོབས་ཞུམ་པ་མེད་པར་བརྟེན་ནས་མི་ཚེ་མཚར་སྡུག་ལྡན་པ་ཞིག་བསྐྲུན་ཐུབ་པ་ར་སྤྲོད་བྱས་ཡོད་དོ།། 



  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་བོད་ཡིག་གསར་འགོད་པའི་གསོ་སྦྱོང་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།