ལས་ཀྱི་རླུང་དམར།

རི་སྤྱང་།        2024-01-02

ལས་ཀྱི་རླུང་བུ་དྲག་ཏུ་གཡུགས་བྱུང་། སེམས་ཀྱི་ཆུ་བོ་འགོག་ཐབས་མི་འདུག། སྐྱེ་བ་སྔོན་མའི་སྔོན་མ་ལ་དགྲ་གྲོགས་གང་རུང་ཆ་མ་མཆིས་པའི་མི་ཞིག་ལ་འཕྲད་བྱུང་། སེམས་སུ་བབ་པའི་ཁ་བ་ཤིན་ཏུ་གྲང་། སེམས་སུ་གཡུག་པའི་རླུང་དམར་རབ་ཏུ་ཚ། ཇི་ལྟར་བྱས་ཀྱང་ཁྱོད་རང་སེམས་ཀྱི་ལྷ་བཞིན་སྤྱི་བོའི་གཙུག་ཏུ་བཀུར་བར་འདོད། ཡིད་བརྟན་མེད་པའི་སྒྱུ་མ་དོ་ར་འདི་ནས་ང་རང་འཁྲུལ་བཞིན་ཡོད་པ་བདག་གིས་རྟོགས་ཀྱང་། ལས་ཀྱི་རླུང་བུ་དྲག་ཏུ་གཡུག་པའི་རྐྱེན་གྱིས་ཡོད་ཚད་རང་དབང་མི་འདུག།

ལས་ཀྱི་རླུང་བུ་དྲག་ཏུ་གཡུགས་བྱུང་། ཟད་མཐའ་མེད་པའི་གཙང་པོ་སྒྲོལ་བའི་ནུས་པ་སུ་ལ་མེད་ཅིང་། སོ་སོའི་སེམས་ཀྱི་དམ་ཚིག་བསྲུངས་པའི་ནུས་པའང་ཉམས་མུས་སུ་ཐེབས་འདུག། རྒྱང་རིང་ལས་སྤྲིན་དཀར་མང་པོ་ལུག་ཁྱུ་བཞིན་ཞོག། རེ་རེ་བྱས་ནས་ལག་པས་བཟུང་འདོད་ཀྱི་སྟོང་བསམ་བཅངས། རྨི་ལམ་ཡོད་ཚད་མེ་ལ་བསྲེགས་རྗེས་ཡོད་ཚད་ལེགས་གྲུབ་བྱུང་ཟིན་པའི་དུས་དེ་ག་རེ་ཡིན་ནམ། དགའ་བ་དང་སྐྱོ་བ་གཉིས་རེས་འཇོག་གི་ཚུལ་གྱིས་འགལ་མེའི་འཁོར་ལོ་བཞིན་འཁོར། སེམས་ཀྱི་གཙང་པོ་སྒྲོལ་བའི་དཔའ་གདེངས་ང་ལ་མི་འདུག།

ལས་ཀྱི་རླུང་བུ་དྲག་ཏུ་གཡུག་བྱུང་། སེམས་ནང་དུ་བརྟན་ཀྱི་ལེར་ཡོད་པའི་སྲིད་པའི་གངས་རི་ཡང་བསྒུལ་བྱུང་། བསྐལ་པའི་ཆགས་འཇིགས་སུ་ཡིས་མི་ཤེས་ཀྱང་། སྲིད་པའི་གངས་རི་ད་དུང་རླུང་གིས་རེ་ཞིག་བསྒུལ་མི་ཐུབ་པའི་ཡིད་ཆེས་ཡོད། རྒྱང་རིང་ལ་མཐའ་མེད་པས། ང་རང་ལྷོད་ཀྱིས་གནས་ཆོག་པར་ཞུ། ང་ལ་ལྷིང་འཇགས་ཀྱི་གནས་མལ་མི་འདུག། རང་རང་སེམས་ཀྱི་རྨི་ལམ་མཐའ་དག་མེ་ལ་བསྲེགས། རླུང་ལ་སྤུར་རྗེས། ད་གཟོད་སེམས་ཀྱི་དྲན་རྟོག་ཡོད་ཚད་འགགས་ནས་སེམས་ཀྱི་གཙང་པོའི་ཕ་རོལ་ནས། ང་རང་བཏང་སྙོམས་ཀྱི་ངང་དུ་ལྷོད་ཀྱིས་བཞུགས་ཆོག་པར་ཞུ།

ལས་ཀྱི་རླུང་དམར་དྲག་ཏུ་གཡུགས་ནས་ང་རང་དབང་མེད་དུ་འཁོར་དགོས་བྱུང་། སེམས་ཀྱི་གཙང་པོ་སྒྲོལ་བའི་ནུས་པ་ང་ལ་མི་འདུག། རྒྱང་རིང་ཞེ་ལ་འཁྲེངས་ནས་མི་ལོ་མང་ཙམ་འདས་ཟིན། ལམ་བུ་ཀྱག་ཀྱོག་སྣ་ཚོགས་ལས་གྲུབ་པའི་རྒྱང་རིང་། སོང་གིན་སོང་གིན་ད་དུང་སེམས་ཀྱི་གསེང་ནས་ལྷོག་ལྷོག་ཏུ་འཕྱུར་ཡོང་གིན་འདུག། ལམ་གྱི་བཞི་མདོ་འདི་ནས། ངས་རང་ཉིད་ལ་ཞིབ་ཏུ་བལྟས། གཡའ་དག་མེ་ལོང་ལས་རང་ཉིད་ལ་བལྟས། རང་ཉིད་དང་ཆ་འདྲ་བའི་མི་ཞིག་མཐོང་སོང་། དེ་ནི་རང་ཉིད་མ་རེད། ལམ་གྱི་འགག་སྒོ་སྣ་ཚོགས་ནས་དཀའ་སྡུག་རྔུལ་ཆུའི་ཐིགས་པ་འཐོར་བཞིན་ད་དུང་ལམ་ལ་ཞེན་གྱིན་གདའ། དེ་ནི་རང་ཉིད་མ་ཡིན། ངས་རང་ཉིད་དངོས་མ་དེ་ནམ་ཡང་མཐོང་མ་སོང་།


  • ལེ་ཚན་སྔོན་མ།:སྙིང་གི་ཟེགས་མ་ནག་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།