ཨ་མ་ལོས་དྲན། ངའི་ཡོད་ཚད་ཀྱི་ཡོད་ཚད་རེད།

སྣག་ཚ་ནག་པོ།        2024-01-10

ཁྱོད་བཙའ་དུས་ཨ་མས་ཁྱོད་རང་པང་དུ་ཉར་ནས་ཡང་ནས་ཡང་དུ་བྱམས་བརྩེའི་འཛུམ་ཀེར་གཡོ་བ་ནི། བྱིས་པ་ཞིག་ལ་ཀ་རའི་བགོ་སྐལ་མང་དུ་ཐོབ་པ་ལྟར་དགའ་སྣང་ཧ་ལས་པ་ཞིག་གིས་ཁ་ངོ་ཡོངས་སུ་བཀབ་འདུག་ཟེར།

བདག་གིས་སྙན་ངག་གྲངས་མེད་བྲིས་ནས་ཨ་མའི་མཚོན་དོན་རེ་འཚོལ་འདོད་ཀྱང་ཐ་སྙད་མཁྲེགས་པོ་གང་འདྲ་ཞིག་ཡིན་རུང་ཨ་མ་དང་འདྲ་བ་ཞིག་གཏན་ནས་རྙེད་རྒྱུ་མི་འདུག། ངའི་བློ་ངོར་ཨ་མ་ནི་ངའི་ངག་ལས་ཐོན་པའི་ཆེས་མཛེས་ཤོས་ཀྱི་ཐ་སྙད་དེ་དང་། ཡང་ན་ཨ་མ་ནི་ཀེར་དུ་གནས་པའི་གན་གྱི་རི་བོ་འདི་བཞིན། རིན་ཆེན་ནོར་གྱིས་བསླུ་བྲིད་མི་ཐུབ་པའི་ལྷ་ཆེན་མཐུ་བོ་ཅན་ཞིག། ཨ་མས། ཁྱོད་སྐྱིད་ན་ང་ག་ཚོད་མྱངས་ན་མྱངས་ཟེར། དེ་ནས་ཨ་མས་བཤད་པའི་སྐད་ཆ་ཆེས་ཕལ་བའི་ནང་གི་ཆེས་ནང་དོན་ཟབ་ཤོས་ཤིག་རེད། ཨ་མས་ནམ་ནམ་ཞར་ཞར་བཤད་པ་བཞིན་སྒྲུབ་པ་ལས་ཁྱོད་ལ་ལྐོག་འགྱུར་གྱི་བག་ལེབ་ཆེན་པོ་ཞིག་ཤོག་ཐོག་ལ་བྲིས་ནས་བཞག་མ་མྱོང་། དེ་ནས་ཨ་མ་ནི་ཁྱོད་ཀྱིས་མི་རྟག་པའི་འཇིག་རྟེན་འདི་ཡི་ཁུག་སོ་གང་དུ་ཡིན་རུང་། ཆེས་བློ་བརྟེན་བྱེད་སའི་དྲིན་གྱི་བདག་མོ་གཅིག་པུ་ལས་གཞན་སུས་ཀྱང་ཚབ་མཚོན་དུ་བྱ་མི་ནུས་སོ།།

ཁྱོད་ཀྱིས་ཨ་མ་དྲན་སྟངས་གང་འདྲ་ཡིན་མིན་ངས་ཤོད་མི་ཤེས་མོད། གཅིག་བྱས་ན། ཁྱོད་ཀྱི་ཨ་མ་དྲན་ཚུལ་ནི། ཨ་མའི་སྟོད་ཁུག་ནས་བརྫིས་ཏེ་ལོ་ཟླ་ནས་ལོ་ཟླ་བསྐྱལ་རུང་དུད་ཆེན་ཞིག་གི་མཚམས་སུ་ཨ་མ་ཞེས་པའི་མཆི་ཞག་མིག་མཐའ་རུ་འཁོར་ཐབས་བྱ་རྒྱུ་དང་། ཨ་མའི་ཤ་ཁྲག་གི་ཉིང་ཁུ་ཕངས་མེད་ངང་འཇིབ་བཞིན་ཆོ་ལོའི་ངོ་སོ་སྲུང་བྱེད་ཀྱི་ལག་ཆར་བཀོལ་ཡང་དུས་ཆེན་ཞིག་གི་མཚམས་སུ་བཅོས་རྫུན་གྱི་འཛུམ་ཀེར་རེས་ཨ་མ་སྐུ་ཐང་མཉེལ་སོང་ཟེར་རྒྱུ། ཡང་ན་ལྷག་བསམ་སྟོང་གིས་གྲུབ་པའི་ཨ་མའི་སེམས་ཆུང་གི་རྡང་སྣེར་སྨྲེང་སྐྱོ་དང་བློ་ཕམ་དྲག་པོའི་མིག་ཆུས་ཡང་ནས་ཡང་དུ་སྦང་བཅུག་ཀྱང་དུས་ཆེན་ཞིག་གི་མཚམས་སུ་ཨ་མའི་འདྲ་པར་ཐན་ཐུན་རེ་ཚུལ་འཆོས་ཀྱིས་གྲོགས་ཚོམས་དང་དྲྭ་རྒྱ་རུ་སྤེལ་རྒྱུ་དེའང་ཡིན་སྲིད། ཡང་ན་ཁྱོད་ཀྱིས་ཆེས་དགའ་པོ་དང་དུང་བ་ཡོད་ཅེས་སྤོབས་པ་མཐོན་པོའི་འཛུམ་མོ་ཀེར་ནས་བཤད་པའི་སྐད་ཆ་དག་གི་ལན་དུ། ལྷིང་འཇགས་དང་ཁུ་སིམ་གྱི་མཚོན་དོན་དུ་གྱུར་པའི་རྩྭ་ཐང་དང་ནོར་གནག ཟུར་མེད་ཀྱི་བྱམས་བརྩེ་དང་དྲོད་ཁོལ་གྱི་བདག་མོ་རུ་གྱུར་པའི་ཨ་མ་རྒན་མོ། དེ་བཞིན་ཁོང་རང་གི་ཚེ་ཕྱེད་ལྷག་པ་དང་མུ་གེ་གཡོ་བྱེད་ཀྱི་སྦྲ་ནག་དང་ཤ་རྩམ། ཁྱོད་ཀྱིས་གནའ་སྔ་མོ་ནས་རྒྱང་རིང་ནས་རིང་དུ་བསྐྱོར་ནས་བུད་སོང་བ་དེ་ཡང་ཡིན་སྲིད་མོད། ཨ་མ་ནི། ལྷ་གསོན་པོ་ཞིག་གི་སྒྱུ་འཕྲུལ་དང་། ནོར་རིན་ཆེན་ཁེབས་པའི་ཀླུའི་སྲས་མོ་སོགས་གང་ཡང་མིན་མོད། འོན་ཀྱང་། གཅམ་གསག་གི་འཚོ་བའི་འགྲུལ་བཞུད་ཀློང་། འདམ་རྫབ་ལྟར་རུལ་བའི་དོན་ཁྲོད་དུ་ཚབ་མཚོན་ཙམ་ཡང་མེད་པར་གོམ་པ་ལྕི་མོ་རེ་རེ་ཁྱོད་ཀྱི་ཕྱིར་དུ་སྤོ་ནུས་མཁན་གཅིག་པུ་དེ་ཨ་མ་ལས་སུ་ཡང་མ་མཆིས། དོན་དེའི་ཕྱིར་ཨ་མ་ལོས་དྲན། བདག་གི་འཆི་གསོན་གྱི་སོ་ཁ་ན་སྐོམ་པའི་གདུང་བ་སེལ་ཕྱིར་བཞུར་བའི་དྭངས་གཙང་གི་རྒྱུག་ཆུ་དེ་ཡིན།

གངས་རི་དང་རྫ་རི། ནགས་རི་དང་སྤང་རི། ཨ་མའི་འཕྱོར་སྒེག་གི་ལང་ཚོ་རྟ་ནོར་ལུག་གསུམ་དང་ལྷན་དུ་རྫོགས་ལ། གྲང་རླུང་དང་དགུན་འཁྱག་ཁྲོད་ནས་ཨ་མའི་པགས་རྩག་གི་མཐུ་སྣེའང་ཆད། ང་ཚོ་ལ་ཚིག་ཙམ་ཁྱེར་བའི་བཅོས་མ་ཡི་དུས་ཆེན་ཞིག་མེད་ཀྱང་ཆོག་མོད། ཡིན་ན་ཡང་གུས་གོམས་དང་ཞབས་ཏོག་མེད་དུ་མི་རུང་།ཨ་མ་རྒན་མོར་ཕྱི་ཚུལ་ཙམ་གྱི་བརྩི་བཀུར་དེ་བས་མེད་ཀྱང་ཆོག་མོད། འོན་ཀྱང་། དུས་རྒྱུན་ཕ་མ་ལ་བརྩེ་བ་དང་ཁ་ངན་ཚིག་ངན་མི་རྒྱག་ལ་ཁ་འཇམ་ཚིག་འཇམ་གྱིས་བཀུར་ནས། ཆང་རག་དང་ཤོག་སྦག་དེ་བཞིན་མ་རབས་དག་སྤངས་ནས།ཨ་མའི་གསུང་ལ་ཚིག་ལོག་དང་མིག་ལོག་གཅིག་ཀྱང་མ་ཡོད་པར་ཨ་མའི་བཀའ་དགོངས་སྒྲུབ་ནུས་ན། ཨ་མར་དྲིན་པའི་དཔང་རྟགས་ལྷག་བསམ་ཅན་དེ་ཡིན། ཧ་ཅང་ཧ་ཅང་ནས་སེམས་འཁྱགས་སུ་འབྱར་བའི་རྐྱེན་ངན་ནི། ཁྱོད་ཀྱིས་རྒྱང་རིང་རྒྱང་རིང་ནས། ཆང་རག་དང་དུ་བ་ཡི་དྲི་མས་ཁྱབ་ནས། གྱང་རོ་ནས་གྱང་རོ་བརྩེགས་པའི་གསང་ལམ་དག་ཉིན་མཚན་མྱུལ་ནས། སློབ་གཉེར་གྱི་ལམ་མདོར་ལན་ཆགས་ཀྱི་དྲག་འཆར་འབབ་བཅུག་ན། འུ་ཅག་གི་སེམས་ཀྱི་མེ་ཁ་གསོ་མཁན་གྱི་ཨ་མ་རྒན་མོའི་གདོང་ཆུང་ན་བརྩེགས་པའི་གཉེར་མའི་བང་རིམ་ལ་སྡོམ་ཚིག་ཇི་ལྟར་འགོད།

ཨ་མ་ཡོད་པས། ཕྱི་རོལ་དུ་གངས་ཆར་དང་ཙག་རླུངགིས་ང་ལ་མནར་ཡང་།ཁྱིམ་དུ་ཁྱེད་ཀྱི་དྲོད་ཁོལ་ཡོད་པས། ང་རང་དཀའ་སྡུག་ལྕི་མོས་བསྒྱེལ་མི་ནུས། མཚན་མུན་ནི་མིག་མདུན་དུ་སླེབས་པ་ཙམ་ལས་སེམས་སུ་ཁྱེད་ཀྱི་འོད་སྣང་ཡོད་པས།ང་རང་མུན་པ་ནག་པོས་དེ་བས་སྣུབ་མི་ཐུབ། སྐྱེ་བ་ནས་འཆི་བའི་བར་དུ་ངའི་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ཀྱིས་སྦྱིན་པས་ངས་ཁྱེད་ལ་བཅོས་མིན་གྱི་ལྷག་བསམ་ལས་བཞད་པའི་མེ་ཏོག་དཀར་གཙང་དེ་ལན་གཅིག་ཁྱེད་ལ་ཕུལ་འདོད། ཁྱོད་ནི་ནམ་ཡང་ངའི་སེམས་ཀྱི་ཉི་མ་ཞིག་སྟེ། ངའི་དྲན་ཀློང་གི་ལྷ་ལམ་ངོས་སུ་ནམ་ཡང་ནམ་ཡང་དུ་འཆར་སྲིད། ཨ་མ། ཁྱེད་ནི་གནམ་ལ་ཀེར་པའི་དཔག་བསམ་ལྗོན་ཤིང་ཞིག་སྟེ། ངའི་ཕྱིར་དགོས་འདོད་ཀྱི་ནོར་བུ་བསྩལ། ཨ་མ་ཁྱོད་ནི་དྲག་ཆར་དང་རླུང་འཚུབ་འགོག་པའི་མཚོ་ཁུག་གཅིག་སྟེ། ངའི་མི་ཚེའི་མཚོ་གྲུར་མ་གཡེང་བར་ཁ་ལོ་བསྩལ། ཨ་མ་ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པས། ངས་ཁྱེད་རང་ལོས་དྲན།

ཁྱེད་རང་། རང་དབང་དང་བག་ཕེབས་རྒྱང་དུ་སྤུར་ནས།འཁོར་བའི་ཙག་རླུང་ལ་ལག་གཉོབ་བྱེད་པ་དེ།སུ་ཞིག་གི་བདེ་སྡུག་བསམ་པ་ཡིན་ནམ། ཨ་མ་ལགས། ཁྱེད་རང་མཆི་ཞགས་ཀྱིས་ཚོས་པའི་གདོང་ཆུང་ངོས་ཀྱི་རྒས་གཉེར་རེ་རེ། ཡོད་ཚད་རང་ཉིད་ཀྱིས་བཟོད་བསྲན་བྱེད་པའི་ཨུ་ཚུགས་ལས་བྱུང་བ་རེད་དམ། ཁྱེད་ལ་མཚོན་ན། བུ་རྒྱུད་དང་ཁྱིམ་ཐབ།ཕ་རྒན་དང་ནོར་གནག་ཐམས་ཅད་ཁྱེད་རང་གི་དཔྲལ་ཐོག་གི་མིག་འབྲས་དེ་ལས་གཅེས་པར་མིན་ནམ། ཐང་ཆད་ཀྱི་སེམས་ངལ་རེ་རེ། ཇི་ལྟར་གསོ་བའི་ཐབས་ཤེས་ཟད་པའི་སེམས་ཤུལ་སྐྱོ་མོ་དེ། ལོ་ཟླའི་སྡུག་རྩུབ་ཀྱི་དཔུང་འཇུག་ཁྲོད། ཁྱེད་ལ་དཀའ་ཐུབ་ཚད་མེད་བྱུང་ཡོད་ངེས།

 


  • ལེ་ཚན་སྔོན་མ།:རིང་དུ་གྱེས་པའི་མི།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།