ངའི་མི་ཚེའི་མཁའ་དབྱིངས་སུ་བལྟམས་པའི་སྐར་ཆེན་གྱི་གྲོགས་དན་དེ་དག།

འཕགས་པ་རྡོ་རྗེ།        2024-01-15

   ལོ་ཟླའི་རྨིག་རྗེས་མི་ཚེ་ཡི་ནུབ་རིའི་ཕྱོགས་སུ་ཤར་མར་འཐེན་ཞིང་། ན་སོའི་ཤོ་ཁྲིད་ཀྱི་ཐུ་བོས་བྱ་ཁྱུ་དག་ལྷོ་རུ་ཁྲིད་པ་བཞིན་ངའང་དར་མའམ། རྒས་འཁོགས་སམ། མི་ཚེའི་འགབ་མཐའ་རུ་འཁྲིད་ཀྱིན་གདའ། འོན་ཀྱང་ངས་གཞར་ཡང་སྡུག་ཡུས་དང་འཁང་ར་སོགས་གང་ཡང་བྱེད་འདོད་མེད། རྒྱུ་མཚན་ངའི་སྟོང་སང་སང་གི་མི་ཚེའི་མཁའ་དབྱིངས་ངོགས་སུ་སྐར་ཆེན་ལྟར་འོད་དུ་འཚེར་བའི་གྲོགས་དན་དག་ཡོད་པས་ཡིན། དེ་བས་མི་ཚེའི་མཚན་གྱི་སྨག་རུམ་ལ་འཇིགས་པ་མེད། ཁེར་རྐྱང་མེད། ལྡོག་སྟེ་མཛེས་ཉམས་དང་དགའ་མགུས་གཏམས་ཡོད།

མི་ཚེ་ཡི་མཐོངས་སུ་ང་ཚོ་མི་ཚོགས་ཀྱི་ཁྱུ་ཆེན་དུ་མ་ལ་འཕྲད་སྲིད། ཡང་དུས་ཚོད་ཀྱི་རྒྱུན་གྱིས་དེད་དེ་མི་ཚོགས་ལ་སྨྱུག་ཕྱར་རྒྱག་སྲིད། དེའི་ཁྲོད་མོད་པོ་མོད་པོ་ཞིག་ག་ལེར་ཡལ་འགྲོ་ལ།ལས་ཀྱི་བགོས་སྐལ་ལས་སྨིན་པའི་མི་བུ་ཚོགས་ཤིག་ཁྱོད་དང་ལྷན་དུ་བསྡད་འགྲོ་བ་ཡིན། དེ་ནི་ངའི་བསོད་ནམས་ཀྱི་ཚོགས་དང་། ཐོད་པའི་ཨ་ཡིག་ལ་རྡོག་རྫིས་མ་བཏང་བའི་ལས་འབྲས་ཀྱི་བགོས་སྐལ་ཡིན། ཡང་ན་ངའི་མི་ཚེའི་མཁའ་དབྱིངས་སུ་བལྟམས་པའི་སྐར་ཆེན་གྱི་གྲོགས་དན་ཡིན།

ང་དང་ཁོ་ཚོའི་བར་དུ་གཏམ་རྒྱུད་དང་ལོ་རྒྱུས་ཀྱི་བཞེངས་གཞིག་མང་པོ་ཞིག་ཡོད་ལ། དེ་དག་ལན་རེར་ཆུང་བྱིས་པའི་དུས་ཀྱི་ལྷད་མེད་བབ་ཆགས་ཀྱི་བརྩེ་མདངས་དང་དབྱངས་གསལ་ལ་སྦྱར་བའི་སྦྱོར་ཀློག་གི་དབྱངས་རྟའི་འགྱུར་ཁུགས་ན་ཡོད། ཡང་ལན་རེར་རྩྭ་ཐང་དང་དབྱར་ཟླའི་མེ་ཏོག་གི་པང་ཁུག་ན་ཡོད། བེའུའི་ངུར་སྒྲ་དང་ལུག་ཁྱུའི་འབའ་སྒྲ་ཡི་ཀློང་ན་ཡོད། ཡང་ལན་རེར་ཐེ་གེ་དང་འབའ་རྡེའུ་ཡི་ཐག་སྒྲའི་གཞུང་ན་ཡོད། མཚམས་མཚམས་སུ་ཕུགས་བསམ་གྱི་གཤོག་ཡ་རིང་དུ་བརྐྱངས་ནས་མཐའ་ཡོངས་བའི་མཁའ་དབྱིངས་ལ་ལྡིང་སྐོར་མཛད་པའི་གཤོག་རྩེ་ན་ཡོད། སྨྱུ་གུས་ག་ལེར་འབྲི་བཞིན་པའི་མ་འོངས་པ་དང་ཕུགས་བསམ་འཚོལ་བའི་ལམ་བར་ན་ཡོད།

མདོར་ན་ང་ཚོའི་འབྲེལ་བ་ཡི་རྨུ་ཐག་ཨ་སྔོན་དགུང་ནས་དམའ་མོ་ས་ལ་བསྲིངས་ཡོད། དེ་བས་ང་ཚོའི་བར་སྤམ་རྫུ་དང་བསྙེན་བསྲིང་མེད། སེལ་འཇུག་དཀྲུག་ཤིང་མེད། ཁ་སྨྲས་གླེང་གཞི་མེད། ཉི་སྒྲིབ་ལྷགས་གཏོང་མེད། ཁ་གསག་ངོ་འཛུམ་མེད། ཡ་བོ་དང་འབར་འཐབ་མེད། ཀོ་ལོང་མེད། སེམས་ནད་མེད། རས་ཆོད་མེད། སྡང་གདུག་མེད། མཆུ་འབུག་མེད། དངོམ་ཆེ་མེད།དཀྱོར་འབྱིན་མེད། ཛ་ལང་མེད། དེ་ལྟར་སོ་བསོད་པའི་འཚོ་བའི་ཉི་སེར་དང་། མཛའ་གཤིས་གཤའ་མའི་ལེགས་ཚོགས་དང་སྦྲགས་ང་ཚོ་མདུན་དུ་བསྐྱོད་བཞིན་ཡོད། ཡང་ན་ང་ཚོས་ཕུགས་བསམ་དུ་སྒོམ་བཞིན་པའི་རྒྱང་རིང་ལ་ཧད་ཀྱིས་སྐྱོད་བཞིན་ཡོད། གཞར་ཡང་ཉེ་ཞོ་མེད་པར་ཤོག། བཀྲ་ཤིས་ཡོང་བར་ཤོག། གྲོགས་དན་དག།


  • ལེ་ཚན་སྔོན་མ།:ངས་ནང་སེམས་ཀྱི་སྐྱོ་ཡུས་སུ་ལ་བཤད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།