མི་དམངས་ཉིན་རེའི་ཚགས་པར་ཁང་ནས་དྲངས། 2024-01-15
སྤྱི་ཟླ་དང་པོའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ་དང་པོའི་ཚེས8ཉིན་གློག་འཕྲིན་འབྱོར་གསལ། ཚེས8ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ལོ་བཅུའི་རིང་རྒྱུན་སྲིང་ལྷོད་མེད་ངང་རུལ་སུངས་ལ་ངོ་རྒོལ་ཤུགས་ཆེན་བྱས་པ་བརྒྱུད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཕྱོགས་ཡོངས་ནས་སྲ་བརྟན་དུ་ཕྱིན་ཡོད་མོད། འོན་ཀྱང་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེན་པོ་ཡོད། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གནས་ཚུལ་གསར་པ་དང་འཕེལ་ཕྱོགས་གསར་པར་རིག་པ་དྭངས་གསལ་ངང་ངོས་འཛིན་བྱེད་པ་དང་། རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ལ་རིག་པ་དྭངས་གསལ་ངང་ངོས་འཛིན་བྱེད་པ། ནམ་ཡང་ཚར་དུས་མེད་པའི་སྙིང་རུས་དང་བརྩོན་སེམས་ལ་བརྟེན་ནས་གནད་སྨིན་ཤུགས་འདོན་དང་རྒྱུན་མཐུད་ཤུགས་བརྒྱབ་སྟེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་གསུང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལི་ཞི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། 2023ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ལོ་ཞིག་རེད། ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་བཏང་སྟེ་ཏང་ཡོངས་སུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཙོ་དོན་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རྒྱུན་འཁྱོངས་ལྷོད་མེད་ངང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཤུགས་ཡོད་རྒུས་བཅོས་སྒྲིག་བྱེད་པ། ཏང་མི་དང་ལས་བྱེད་པའི་དཔུང་ཁག་ཁྲོད་ཀྱི་ཕུང་འདྲེ་མཐའ་གཅིག་ཏུ་མེད་པར་བཟོ་བ། ནན་ལ་ཏན་ཏིག་གི་སྒོ་ནས་ཏང་ཡོན་དང་ལས་བྱེད་པའི་དོ་དམ་ལྟ་སྐུལ་ལ་ཤུགས་རྒྱག་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱང་ལམ་གསར་པར་འགོ་ཡག་པོ་ཞིག་འཛུགས་ཐུབ་པའི་འགན་ལེན་བྱེད་པར་ཁྲིད་སྟོན་ནུས་ལྡན་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། འཛམ་གླིང་ཐོག་གི་མར་ཁེ་སི་རིང་ལུགས་ཀྱི་སྲིད་འཛིན་ཏང་ཆེ་ཤོས་ཤིག་ཡིན་པའི་རང་རེའི་ཏང་གིས་ཇི་ལྟར་བྱས་ནས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་བདེ་བླག་ངང་སྒྲོལ་ཐུབ་པ་དང་ནམ་ཡང་ཏང་གི་ངོ་བོ་མི་འགྱུར་བ་དང་། ཁ་དོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཀྱི་འགན་ལེན་བྱེད་དགོས་སམ། དེ་ནི་ཏང་ཡོངས་ཀྱི་བློ་མཐུན་ཚོའི་མདུན་དུ་འཕྲད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད་ང་ཚོས་ལག་ལེན་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་ཀྱི་བསམ་གཞིག་ཟམ་མི་ཆད་པར་བྱས་པ་དང་བློ་མཐུན་མའོ་ཙེ་ཏུང་གིས་སྐབས་དེ་དུས“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་པའི”ཐབས་ཤེས་དང་པོ་བཏོན་པའི་རྨང་གཞིའི་ཐོག་ཐབས་ཤེས་གཉིས་པ་དེ་ནི་ཏང་གི་རང་ངོས་གསར་བརྗེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དེ་རེད། དུས་རབས་གསར་པའི་ལོ་བཅུའི་རིང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལག་ལེན་དང་རིགས་པའི་གཞུང་ལུགས་འཚོལ་ཞིབ་ཁྲོད་ང་ཚོས་ཏང་གི་རང་ངོས་གསར་བརྗེར་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ་དང་ལག་ལེན་དངོས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་བས། རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་པ་དང་། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། རང་ངོས་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པ། རང་ངོས་གསར་བརྗེར་སྐུལ་འདེད་ཇི་ལྟར་གཏོང་བ་སོགས་ཀྱི་གནད་དོན་གལ་ཆེན་ལ་བརྒྱུད་རིམ་ལྡན་པའི་ངང་ལན་བཏབ་ཡོད།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གིས་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་གནད་དོན་དགུ་སྟངས་འཛིན་ཡག་པོ་བྱེད་དགོས་པ་སྟེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་འགན་ལེན་དུ་བྱེད་པ་དང་། སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱ་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བརྩི་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རྩ་བའི་བརྩི་སྲུང་བྱ་ཡུལ་ལ་བརྩི་བ། ལོ་རྒྱུས་ཀྱི་དུས་མཚམས་འཁོར་རྒྱ་ལས་ཐར་ཐབས་བྱེད་པ་དེ་འཐབ་ཇུས་ཀྱི་དམིགས་ཚད་ལ་བརྩི་བ། ཏང་ཆེན་པོར་མ་གཏོགས་མེད་པའི་དཀའ་གནད་ཐག་གཅོད་བྱ་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་ལ་བརྩི་བ། སྲ་ཞིང་བརྟན་པའི་རྩ་འཛུགས་ཞུན་བརྡར་དང་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བརྩི་བ། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩི་བ། རང་ངོས་ལ་ལྟ་སྐུལ་དང་མི་དམངས་ལ་ལྟ་སྐུལ་ཟུང་འབྲེལ་བྱ་རྒྱུ་དེ་སྒུལ་ཤུགས་གལ་ཆེན་ལ་བརྩི་བ་བཅས་རེད། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། གཞུང་འཁྱོངས་གསར་འབྱེད་བཅས་བྱས་ཏེ། ལག་ལེན་འཚོལ་ཞིབ་དང་རིགས་པའི་གཞུང་ལུགས་གསར་གཏོད་ཟམ་མི་ཆད་པར་བྱེད་པ་དང་ཏང་གི་རང་ངོས་གསར་བརྗེའི་ཆོས་ཉིད་ཀྱི་རང་བཞིན་ལ་ངོས་འཛིན་བྱེད་ཚད་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས། ཏང་གི་རང་ངོས་གསར་བརྗེའི་བསམ་ཕྱོགས་དང་བྱེད་ཐབས་སྔར་བས་ནན་དུ་གཏོང་བ་དང་འཐབ་ཕྱོགས་ཁག་དང་ལྷུ་ཚིགས་ཁག་གི་རང་ངོས་གསར་བརྗེར་དམ་འཛིན་ཞིབ་ཕྲ་དང་དམ་འཛིན་གཏིང་ཟབ་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རྒྱང་ལམ་གསར་པར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་ངེས་པར་དུ་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཆ་རྐྱེན་མེད་པར་བཟོ་བའི་ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་སྐུལ་འདེད་གཏིང་ཟབ་གཏོང་དགོས། སྤྱིའི་བླང་བྱ་ནི། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་སྒོ་ནས་བཅོས་སྐྱོང་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་བ། གནད་དོན་ལ་གཞིགས་ནས་བྱ་ཐབས་འདོན་པ། གནད་སྨིན་བཅོས་སྐྱོང་བྱེད་པ། ཐབས་མང་མཉམ་སྤྱོད་བཅས་བྱས་ནས་ཡང་ཡང་ཐོན་པའི་གནད་དོན་རྙིང་པ་རིམ་བཞིན་ཉུང་དུ་གཏོང་བ་དང་གསར་དུ་ཐོན་པའི་གནད་དོན་མཆེད་ཁག་ཏུ་བཏང་སྟེ། རུལ་སུངས་འགོག་ཟོན་དང་བཅོས་སྐྱོང་བྱེད་པའི་གནད་དོན་གྱི་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། རིམ་ཁག་ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་བརྒྱུད་རིམ་ཧྲིལ་པོར་འགོ་ཁྲིད་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རུལ་སུངས་ཀྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། འཛེམ་མེད་དམར་འདོན་གྱིས་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས། སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དེ་ཆེད་འགན་འཁུར་མཁན་ལས་ཁུངས་ཤིག་ཡིན་པའི་ངོས་ནས་རང་འགུལ་ངང་འགན་འཁྲི་སྔར་བས་འཁུར་བ་དང་། ཏང་ཨུས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་སྒྲིག་འཛུགས་དང་མཐུན་སྦྱོར་བྱེད་པར་གཞོགས་འདེགས་ནུས་ལྡན་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱུན་འཁོར་ཧྲིལ་པོའི་སྟོབས་ཤུགས་བསྡུ་སྒྲིལ་བཅས་བྱེད་དགོས། འགན་ནུས་སྡེ་ཚན་ཁག་གིས་ནུས་ཆེའི་མཉམ་སྒྲུབ་མཐའ་འཁྱོངས་བྱས་ཏེ་རང་རྟོགས་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དེ་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བ་བྱ་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རུལ་སུངས་ལ་ཆད་པ་གཅོད་པའི་དམ་བསྒྲགས་རྣམ་པ་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས། སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ཀྱི་མདུན་དུ་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་གཏན་ནས་ལྡོག་ཏུ་མེད་པ་དང་། ལྷོད་གཡེང་དུ་གཏོང་མི་རུང་བ། སྙིང་རྗེ་བྱེད་མི་རུང་བར། ནམ་ཡང་དྲན་སྐུལ་གྱི་དུང་བརྡ་ངེས་པར་དུ་གཏོང་དགོས། “ཡོད་པ་བདུན”གྱི་གནད་དོན་ལ་རྒྱུན་མཐུད་དམིགས་ཏེ། སྲིད་གཞུང་དང་ཚོང་པས་ཕན་ཚུན་ངན་འབྲེལ་བྱེད་པའི་རུལ་སུངས་ལ་ཆད་པ་ནན་པོ་གཅོད་རྒྱུ་དེ་འགག་སྒྲོལ་དམག་འཐབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། དབང་ཆར་བརྟེན་ནས་མ་རྩའི་ཁེ་ཕན་གཉེར་བའི་བྱེད་སྤྱོད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་། ཁེ་ཕན་ཚོགས་པ་དང་དབང་ཤུགས་ཚོགས་པ་སྣ་ཚོགས་ཆབ་སྲིད་ཀྱི་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དངུལ་རྩ་དང་། གཞུང་ཁོངས་ཁེ་ལས། ནུས་རྒྱུ། སྨན་དང་སྨན་བཅོས། རྨང་གཞིའི་འཛུགས་སྐྲུན་ལས་གྲྭ་སོགས་དབང་ཆ་གཅིག་སྡུད་དང་། མ་དངུལ་འདུས་ཆེ། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ལ་བཅོས་སྒྲིག་གཏིང་ཟབ་བྱས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་གཙང་སེལ་བྱེད་དགོས། “སྦྲང་ཟ་གྲོག་གནོད”ལ་ཆད་པ་ནན་པོ་བཅད་ནས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་གཏང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རུལ་སུངས་ཐོན་པ་དང་མཆེད་རྒྱུར་བཀག་འགོག་བྱེད་དགོས། རུལ་སུངས་ཀྱི་ངོ་བོ་ནི་དབང་ཆ་གང་བྱུང་དུ་སྤྱོད་པ་དེ་རེད། སྲིད་ཇུས་གཏན་འཁེལ་དང་། ཐབས་ཇུས་འདོན་པ། མཆན་འགོད་ལྟ་འདོམས་སོགས་འགག་རྩའི་དབང་ཆར་དམ་འཛིན་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གསར་དར་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལམ་སྲོལ་སྐྲུན་མགྱོགས་སུ་གཏོང་བ། དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལམ་ལུགས་ཀྱི་སྐྱོན་ཆ་སྔར་བས་སེལ་བ། རང་མོས་ཀྱི་ཁྲིམས་ཚད་གཅོད་དབང་ཚད་ལྡན་དུ་གཏོང་བ། ཁེ་བོགས་བཟོ་ལེན་གྱི་གོ་སྐབས་ཉུང་དུ་གཏོང་བ་བཅས་བྱེད་དགོས། རུལ་སུངས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་བ་དང་ཆད་གཅོད་མཉམ་འགུལ་ལམ་སྲོལ་བཙུགས་ནས་སྤྱོད་གཙང་གི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གསར་ཐོན་རུལ་སུངས་དང་མངོན་མེད་རུལ་སུངས་མགྱོགས་མྱུར་ཐག་གཅོད་བྱ་རྒྱུར་ཤུགས་རྒྱག་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་སྲོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་བ་སོགས་ལ་དམིགས་ནས་རྨང་གཞིའི་རང་བཞིན་གྱི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་པར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་རྒྱག་པའི་ཆ་འགྲིག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། དུས་བསྟུན་མདུན་སྐྱོད་ཀྱིས་ལྟ་ཞིབ་བཅའ་ཁྲིམས་ལ་བཟོ་བཅོས་བརྒྱབ་ནས་གསར་དུ་བཟོ་བཅོས་བརྒྱབ་པའི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བཟུང་སྟེ། ཏང་ཡོངས་སུ་གཅིག་སྡུད་རང་བཞིན་གྱི་སྒྲིག་ཁྲིམས་སློབ་གསོ་ཐེངས་གཅིག་སྤེལ་དགོས། གཙོ་གནད་ཁྲིམས་སྲོལ་ལམ་ལུགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བརྒྱབ་ནས་སྡེབ་གཅིག་ལ་བརྩི་སྲུང་ཞུ་བ་དང་སྡེབ་གཅིག་ལ་ལག་བསྟར་ཐུབ་པའི་འགན་ལེན་ཏན་ཏིག་བྱ་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ལྐོག་རྔན་སྤྲོད་པའི་བྱེད་སྤྱོད་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། རྒྱུན་དུ་ལས་བྱེད་པ་ངན་འགྱུར་བསླུ་བྲིད་བྱེད་པ་དང་ཕྱོགས་གཅིག་ལ་གནོད་འཚེ་གཏོང་བའི་ལྐོག་རྔན་སྤྲོད་མཁན་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ། དཔེ་མཚོན་གྱི་གྱོད་དཔེ་བརྡ་ཁྱབ་བཏང་ནས་དོན་དངོས་ལ་གོ་བ་ཡང་དག་ལེན་པ་དང་མིག་ལྟོས་ངན་འགྲན་བྱེད་མཁན་ལ་སྔ་བསླབ་ཕྱི་འདོམས་བྱ་དགོས། ལྐོག་རྔན་བླངས་ནས་ཐོབ་པའི་ཚུལ་མིན་གྱི་ཁེ་ཕན་བདའ་འདེད་དང་ཡོ་བསྲང་བྱེད་ཤུགས་ཆེ་རུ་གཏང་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། རྒྱུན་འཁྱོངས་ལྷོད་མེད་ངང་ཆབ་སྲིད་ཀྱི་ཁོར་ཡུག་གཙང་དུ་གཏང་དགོས། བཟང་སྟོད་ངན་སྨད་མཉམ་འཛིན་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ་བཅས་བྱས་ཏེ“མངོན་མེད་སྒྲིག་སྲོལ”གཏོར་བ་དང་། “ཁ་གསལ་སྒྲིག་ལམ”བཟོ་བ། “ཤོག་ཁག་ཆུང་ངུ”དང་། “ངན་པ་ཁྱུ་སྒྲིག” “འབྲེལ་ལམ་འཛུགས་པ”བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། ཆབ་སྲིད་ཀྱི་མགོ་སྐོར་གཏོང་མཁན་སྣ་ཚོགས་ལ་རྡུང་རྡེག་ནུས་ལྡན་བཏང་ནས་ཚོང་ཟོག་བརྗེ་རེས་ཀྱི་རྩ་དོན་ཏང་ནང་ཁུལ་དུ་ལག་བསྟར་བྱ་རྒྱུ་གཏན་འགོག་བྱ་དགོས། རྒྱུན་སྲིང་ལྷོད་མེད་ངང་མི་འདེམས་སྤྱོད་ཐད་ཀྱི་ཚུལ་མིན་སྤྱོད་ཚུལ་བཅོས་སྒྲིག་བྱས་ཏེ་གཙང་ཞིང་དྲི་མ་མེད་པའི་བློ་མཐུན་དབར་གྱི་འབྲེལ་བ་དང་། ཚུལ་ལྡན་ལུགས་མཐུན་གྱི་གོང་འོག་དབར་གྱི་འབྲེལ་བ་ཆགས་པར་སྐུལ་འདེད་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་གཙང་མ་ཡོང་བར་སྐུལ་འདེད་གཏང་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དུས་རབས་གསར་པའི་སྤྱོད་གཙང་གི་རིག་གནས་འཛུགས་སྐྱོང་ལ་ཤུགས་རྒྱག་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན། གུང་ཁྲན་ཏང་ཡོན་གྱི་བླ་ན་མེད་པའི་ཕུགས་བསམ་དོན་གཉེར་ལ་སྐུལ་སློང་བཅས་བྱས་ཏེ། དབང་ཆར་བརྟེན་ནས་སྒེར་ཕན་གཉེར་བ་དང་ལྐོག་ཟ་རུལ་སུངས་དེ་ངོ་ཚ་ཧ་ཅང་ཆེན་པོ་ཞིག་ལ་བརྩི་དགོས། ཁྱིམ་ཚང་གི་སློབ་གསོ་དང་ཁྱིམ་སྲོལ་ལ་དོ་སྣང་བྱས་ཏེ་འགོ་ཁྲིད་ལས་བྱེད་པས་གཉེན་ཉེ་དང་བུ་ཕྲུག་ལ་དོ་དམ་ནན་པོ་བྱ་རྒྱུར་ལྟ་སྐུལ་བྱེད་དགོས། སྤྱོད་གཙང་གི་འདུ་ཤེས་དང་སྤྱོད་གཙང་གི་དཔེ་མཚོན་དྲིལ་བསྒྲགས་ཧུར་ཐག་བྱས་ནས་སྤྱོད་གཙང་རུལ་རྒོལ་གྱི་དར་སྲོལ་བཟང་པོ་གཏོད་དགོས།
ཞི་ཅིན་ཕིང་གིས་ནན་གསུང་གནང་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ནི་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པ་དེས་དམིགས་བསལ་གྱི་ཆབ་སྲིད་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་འཁུར་ཡོད་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་དང་། བློས་མཐའ་གཅིག་ཏུ་འཁེལ་བ། སྤྱོད་པ་མཐའ་གཅིག་ཏུ་གཙང་བ་བཅས་བྱེད་དགོས། སློབ་གསོ་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བར་ཆབ་སྲིད་ཀྱི་ལྷག་བསམ་རྣམ་དག་སྔར་བས་སྲ་བརྟན་དུ་བཏང་སྟེ། དུས་གང་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་ཏང་ཀྲུང་དབྱང་དང་བློ་སེམས་གཅིག་མཐུན་གྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ཏང་གི་བཀོད་འདོམས་ལ་ཉན་པ་དང་ཏང་ལ་འགན་འཁྲི་གཙང་སྒྲུབ་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། རྩ་དོན་མཐའ་འཁྱོངས་དང་། རལ་གྲི་འཕྱར་ཕོད་པ། འཐབ་ཕོད་པ་འཐབ་མཁས་པ། འགན་འཁྲི་གཙང་སྒྲུབ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་རྒྱག་པར་རྒྱུན་གཏན་ཅན་གྱི་ཕུང་འདྲེ་གཙང་སེལ་བྱེད་པ་དང“སྒྲོན་འོག་མུན་པ”འགོག་བཅོས་མཐའ་གཅིག་ཏུ་བྱས་ཏེ། རང་ངོས་གསར་བརྗེའི་མིག་དཔེ་དང་སྒྲིག་བཀུར་ཁྲིམས་སྲུང་གི་ཚད་ཤིང་ཞིག་ཧུར་ཐག་བྱས་ནས་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་དང་མི་དམངས་མང་ཚོགས་བློ་ཡིད་ཚིམ་པའི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཅིག་གཏོད་དགོས།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10