ཡབ་ཆེན་དྲན་པའི་ཚོར་རླབས་དལ་བཞུར་མ།

​ ཁམས་འོད་གསལ།        2024-01-15

གཅེས་པའི་སྲོག་གི་བྱེད་པོ་ཞིག་སྟེ་སྲིད་པའི་ཁྲོད་ཀྱི་བརྩེ་བའི་ཡབ། །

སྒྱུ་ལུས་ཕྲ་མོའི་ཕྱི་ནང་གཉིས་ཀ་ངལ་བ་གཅིག་པུས་འབྲས་བུ་གྱུར། །

ཅོལ་ཆུང་བདག་ལ་བློ་སྙིང་དཀར་བ་དྲིན་གྱི་བདག་པོ་ཁྱེད་ལས་མེད། །

དྲན་པའི་གཞུང་དུ་དྲན་ཚོར་ཞིག་ཀྱང་གཙང་པོ་ནང་གི་རླབས་ལྟར་བཞུར། །

དཀའ་སྡུག་ཀློང་དུ་འཚོ་བ་བསྐྱལ་ནས་ངེད་ཅག་སླད་དུ་འཁོར་བར་སྒྲུབ། །

འཁྱག་ལྟོག་སྐོམ་གྱི་གདུང་བ་སེལ་ཆེད་ལན་རེ་མི་དགེའི་ལས་ཀྱང་བྱས། །

ལས་རླུང་འཇམ་པོས་བསིལ་བའི་འོག་ནས་ཁྱེད་རང་ཇི་བཞིན་དྲིན་ཆེན་ཞིག །

བདག་ཡིད་དབུས་སུ་འཁོར་དུ་མེད་ལ་བཙལ་ཀྱང་རྙེད་པ་དཀའ་བའི་ཡབ། །

ཞལ་གྱི་ངག་སྙན་རིང་ཐུང་སྣ་ཚོགས་བརྩེ་བའི་རང་བཞིན་མ་ཡལ་བས།།

གཡོ་དང་སྒྱུ་མའི་ཆོས་དང་མ་འདྲེས་ངང་ཚུལ་ཞིག་གི་དྲོད་ལམ་ལམ།།

ཞི་བའི་ལས་ཀྱིས་དངངས་དང་སྐྲག་པའི་གཡུལ་ལས་རྒྱལ་ཐབས་སྩོལ་མཛད་པ།།

སྲིད་པའི་དཀའ་སྡུག་འབུམ་ཕྲག་བརྒལ་བའི་ཡབ་ཆེན་དྲན་པ་ཤིན་ཏུ་སླ།།

བརྩེ་བའི་དྲོད་ཁོལ་རྒྱང་རིང་མ་ཕྱོགས་རྣམ་དག་སེམས་ཀྱིས་ཉེ་བར་གཅར།།

བྱམས་པའི་མིག་ཟུང་གཡོ་བ་མེད་པ་སྙིང་དང་རུས་པའི་གཏིང་ནས་མཇལ།།

བསླུ་བྲིད་འཚང་པའི་འཇིག་རྟེན་འདི་ནས་བསླུ་མེད་མི་ཞིག་ཁྱེད་རང་ལས།།

མཐོང་ཐོས་རྟོགས་པའི་ཡུལ་ལས་འདས་ཤིང་བཀའ་དྲིན་ཆེ་བ་ཁྱེད་ལས་མེད།།

དྲན་པའི་སྣང་བ་ཇི་ལྟར་འགོག་ཀྱང་ལམ་ཐག་ཉེ་རིང་གཉིས་ནས་དྲན། །

དྲན་སྣང་དབུས་སུ་ཁྱེད་ཀྱི་ཞལ་རས་དཀའ་ངལ་གཉིས་ཀྱིས་གཉེར་མ་གང་། །

དྲན་གཞུང་འདི་ནས་ཆུང་ནས་ད་བར་ང་ཚོའི་སླད་དུ་ཡིན་པ་ཚོར། །

དྲན་པའི་དུས་སུ་ཡབ་ཆེན་ཁྱེད་རང་ངལ་བ་གཅིག་པུས་རྒས་པ་ཤེས། །

འཁོར་བའི་འདུ་འཛི་རབ་ཏུ་རྒོད་ཅིང་བྲེལ་ཟིང་ནང་དུ་མི་ཚེ་བསྐྱལ། །

ངེད་ཅག་བསམས་ནས་ཉིན་མཚན་གཉིས་སུ་ངལ་བའི་ཁུར་པོ་ལྕི་བ་དེས། །

གཞོན་པའི་སྣང་བ་རྒྱང་རིང་གཡུག་སྟེ་ན་ཚོད་རྒས་པའི་དུས་ལ་སླེབས། །

བསམ་གྱིན་བསམས་ན་བདག་བློའི་དབུས་སུ་སྨྲེང་ཞེན་རིང་མོ་འཁྲིགས་པར་གྱུར། །

རྣམ་དག་ལས་ལ་བརྩེ་བ་ཞུགས་ཤིང་སྲིད་པའི་དབུས་སུ་དྲིན་ཆེན་ཞིག །

སྙིང་ནས་མ་བརྗེད་དྲན་པའི་དཀྱིལ་དུ་ཡང་ཡང་བསམ་ལ་ཡང་ཡང་འཁོར། །

འདི་ཡང་མ་བཅོས་སེམས་ཀྱིས་ཚོར་བས་རྟོག་བཏགས་ནང་གི་ཚིག་ཅིག་མིན། །

དངོས་ཡོད་ཀློང་ནས་དྲན་ཚིག་འདི་ནི་འདང་ཞེན་ཆགས་ཤིང་ཨ་ཕར་ཕུལ། །

དམར་རྗེན་སེམས་ནས་དྲན་པའི་དུས་སུ་ཡབ་ཆེན་གླེང་བ་འདི་ཙམ་མིན། །

བས་མཐའི་ཡུལ་ནས་དྲན་གཞུང་ཕྲ་མོ་ཨ་ཕར་ཕྱོགས་པའང་ལན་གཅིག་མིན། །

ཡུན་རིང་དུས་ལས་ཡབ་ཆེན་མཆོག་དང་ཡུམ་ཆེན་གཉིས་ཀྱི་བཀའ་དྲིན་ནི། །

ལུས་དང་གྲིབ་མ་ཇི་བཞིན་ངང་དུ་བདག་གི་སེམས་དང་འབྲལ་མེད་བཞུགས། །


  • ལེ་ཚན་སྔོན་མ།:མདོ་ཁམས་རྫ་ཆུ་སྔོན་མོར་མཆིད་པའི་འདས་དོན་གསལ་བའི་དོ་ཤལ་བླ་བྲེ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • རྩོམ་གསར། 10