འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ།

ཀུན་དགའ་བསམ་གཏན་གྱིས་བྲིས།        2024-01-15

 འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ།

 

ཉ་མགོ་གྲོང་སྡེའི་ཟུར་ཞིག།

    དགུན་སྟོད་དུ་གསར་འགོད་པ་འབའ་ཐང་རྫོང་ཉ་མགོ་ཆུ་གློག་གནས་སྤོའི་གྲོང་གསར་དུ་སྐྱོད་སྐབས་དུད་ཚང་སོ་སོའི་ཁང་སྟེང་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དང་།གཙང་ལ་གྲལ་འགྲིག་པའི་ཨར་འདམ་ལམ་བུ་དང་ཁྱད་ཆོས་ལྡན་པའི་བོད་ལུགས་ཀྱི་ཁང་པ་རེ་རེ་བཞིན་བསྐྲུན་པ་མཐོང་།ཉ་མགོ་གྲོང་སྡེས་ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་ཡོན་དཔེ་སྟོན། མང་ཚོགས་ཐེ་ཞུགས་ཀྱི་བྱེད་ཐབས་སྤྱད་དེ་ཉམས་ལེན་རྣམ་པའི་ཡུལ་སྡེའི་ཡུལ་སྐོར་ཆུ་ཚན་གནས་ཚང་བཏོད་པ་དང་།ཡུལ་མིའི་སྡོད་ཁང་གི་སྣེ་ལེན་དཔེ་སྟོན་དུད་ཚང20བསྐྲུན་པ་དང་མང་ཚོགས་དུད་ཚང23ལ་སྣེ་ཁྲིད་ནས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར12000ལ་ཟིན། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར།བདེ་འཇགས་ཚོར་ནུས་བཅས་ཀྱི་སྟོན་གྲངས་ལྡབ་འཕར་བྱུང་།

   མི་དམངས་མང་ཚོགས་དབུལ་པོའི་གནས་ལས་ཐར།

   ཉ་མགོ་གྲོང་སྡེའི་དེ་སྔའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་ངག་གིས་ང་ཚོའི་གྲོང་སྡེ་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ3ཙམ་ལས་མེད་པས་བུ་ཕྲུག་སློབ་གྲྭར་འགྲོ་བདེ་བ་དང་།རྒན་རྒོན་སྨན་ཁང་ནང་སྐྱེལ་བདེ་བ།གཞོན་ནུ་ཕྱི་གླར་སོང་བདེ་བ་ཞིག་ཡིན་ཞེས་བཤད།

   ལོ5ཡི་གོང་།ཉ་མགོ་གྲོང་སྡེ་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ70ལྷག་ཡོད་པའི་རི་ལུང་ཁྲོད་ཀྱི་གྲོང་སྡེ་ཆུང་ཆུང་ཞིག་ཡིན།རི་མཐོ་ལ་ལམ་ཐག་རིང་བ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྗེས་ལུས་ཡིན་པས་བུ་ཕྲུག་སློབ་གྲྭར་སྐྱོད་དཀའ་བ་དང་།གྲོང་སྡེའི་ཐོན་ལས་གང་ཡང་མེད་པས་ཡུལ་མིས་དབྱར་རྩྭ་དགུན་འབུ་དང་།བེ་ཤ་འཐུ་བའམ་ཡང་ན་ཐག་རིང་ས་ཆར་གླ་པར་འགྲོ་དགོས་ཀྱི་ཡོད།

   རང་རྒྱལ་གྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་ཆེ་ཤོས་ཡིན་པའི་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་རྟེན་གཞིའི་སོ་བ་ནང་གློག་ཁང་གི་ལྟེ་བའི་འཛུགས་སྐྲུན་ས་ཆའི་ཁྱབ་ཁོངས་ཡིན་པའི་ཉ་མགོ་གྲོང་སྡེ་དེ2015ལོར་ཁྱོན་ཡོངས་གནས་སྤོའི་ཁྱབ་ཁོངས་ནང་བཅུག་ཡོད། 2021ལོའི་ཟླ4པར་གྲོང་སྡེ་ཡོངས་ཀྱི་དུད་ཚང90ཡི་མི406གནས་སྤོ་བྱེད་འགོ་ཚུགས་པའི་ནང་དུད་ཚང59ཡི་མི304རྫོང་གྲོང་འགྲམ་གྱི་ཉ་མགོ་གྲོང་གསར་དུ་གཅིག་སྡུད་གནས་སྤོ་བྱས་ཡོད།

   ཨ་ངག་གིས་གསར་འགོད་པར་དང་ཐོག་ཉ་མགོ་གྲོང་གསར་གྱི་གནས་ཡུལ་དེ་སོ་བ་ནང་ཡུལ་ཤོག་གི་མངའ་ཁོངས་ཀྱི་ལྷོ་རོང་བཀོད་སྒྲིག་བྱ་ཡུལ་དུ་ཡིན་པར་བྱས་ཡོད། ཕྱིས་སུ་ཡུལ་དངོས་སུ་རྟོག་ཞིབ་ཐེངས་མང་བྱས་པ་བརྒྱུད་རྫོང་གྲོང་དང་བར་ཐག་སྤྱི་ལེ3ཡོད་པའི་རྒྱལ་ལམ318ལམ་རྒྱུད་དུ་གནས་སྤོ་བྱས་ན་ཐོན་ལས་འཕེལ་རྒྱས་ཐད་ལེགས་ཆ་ལྡན་པར་མ་ཟད།དེ་སྔའི་སློབ་གྲྭར་སྐྱོད་དཀའ་བ་དང་སྨན་བཅོས་དཀའ་བའི་གནད་དོན་ཐག་གཅོད་ཐུབ་པ་ཤེས་ཡོད། དང་ཐོག་ཡུལ་མི་ཚོས་ཡུན་རིང་ལ་འགྲོགས་པའི་ཕ་ཡུལ་དང་བྲལ་དཀའ་བའི་རྐྱེན་གྱིས་གནས་སྤོའི་ལས་དོན་ལ་བསམ་ཤེས་མི་བྱེད་པ་དང་རྒྱབ་སྐྱོར་མི་བྱེད་པའི་རྣམ་འགྱུར་འདྲ་མིན་བསྟན། དེར་བརྟེན།གྲོང་སྡེས་འཕྲལ་དུ་ཏང་ཡོན་ཡན་ལག་རུ་ཁག་བཙུགས་ནས་ཁྱིམ་དུད་རེ་རེར་བསམ་བློའི་སློབ་གསོ་བྱས་པར་མ་ཟད།ཏང་ཡོན་གྱིས་སྣེ་ཁྲིད་དེ་གྲོང་སྡེའི་ཏང་ཡོན25ཡིས་སྔོན་ལ་འབོད་སྐུལ་དང་ལེན་ཞུས་ནས་མིང་རྟགས་འགོད་པ་དང་།དེ་རྗེས་གནས་སྤོས་མང་ཚོགས་གཞན་དག་ཡང་བདེ་བླག་ངང་གནས་སྤོ་ཐུབ་ཡོད་ཅེས་བཤད།

   འདེབས་འཛུགས་དང་གསོ་ཚགས་འཕེལ་རྒྱས་གཏོང་སྟངས་ཁྱད་བསད་དང་གཏན་འཇགས་ཀྱི་བསམ་གཞིག་ལ་བརྟེན་ནས་གྲོང་སྡེ་གསར་པ་གཏོད་པའི་གནད་དོན་ཐག་གཅོད་བྱ་ཆེད།ཉ་མགོ་གྲོང་སྡེས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ས་བབ་དང་།ཐོན་ཁུངས།རང་སྤུས་བཅས་ཀྱི་ལེགས་ཆར་དམིགས་ཏེ་སྡོད་རྒྱུར་འཚམ་པ་དང་།ལས་ལ་འཚམ་པ།མཛེས་སྡུག་ལྡན་པ།སྐྱེ་ཁམས་ཡུལ་སྐོར་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ལམ་བུ་འཚོལ་ཞིབ་བྱས་ཡོད།


འབའ་ཐང་རྫོང་ཉ་མགོ་གྲོང་སྡེའི་ཡུལ་མི་ཚོས་བདེ་སྐྱིད་ཀྱི་འཚོ་བ་རོལ།

གནས་ཚང་ནང་གི་སྒྲིག་བཀོད།

   

  གནས་ཚང་དཔལ་འབྱོར་དབྱར་མཚོ་བཞིན་དུ་འཕེལ།

   ཐོན་ལས་ནི་གྲོང་སྡེ་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོ་ཡིན་ཞིང་། གྲོང་སྡེའི་མང་ཚོགས་སྤོ་ཐུབ་པ་དང་།སྡོད་ཐུབ་པ།ཕྱུག་པོ་ཆགས་ཐུབ་པ་བཅས་བྱ་ཆེད།གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཉ་མགོ་གྲོང་སྡེའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྒྱལ་ལམ318ལམ་རྒྱུད་དང་རང་བྱུང་ཆུ་ཚན་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འབའ་ཐང་རྫོང་ཉ་མགོ་གྲོང་སྡེར་ཡུལ་སྐོར་གནས་ཚང་འཕེལ་རྒྱས་ཀྱི་ཇུས་གཞི་བཏོད་པ་དང་འབྲེལ་མ་དངུལ་སྒོར་ཁྲི200བཏང་ནས་ཁྱོན་ཡོངས་ནས་རོགས་སྐྱོར་བྱས་ཡོད།

    2020ལོའི་ལོ་སྟོད་དུ་ཏང་ཡོན་ལས་བྱེད་དུད་ཚང20ཡིས་སྣེ་ཁྲིད་དེ་གནས་ཚང་ལས་རིགས་གཉེར་ནས་ཁྱིམ་ཆས་སྒྲིག་བཟོ་དང་།རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཡོད། 2021ལོའི་ལོ་འགོར།ཆུ་ཚན་གནས་ཚང20སྔ་རྗེས་སུ་ལས་གཉེར་བྱེད་འགོ་ཚུགས་ཡོད།

   ཨ་ངག་ཚང་གི་ལམ་འགྲོ་ཆུ་ཚན་གནས་ཚང་ཐབས་ལམ་འདྲ་མིན་གྱི་སྒོ་ནས་དྲིལ་བསྒྲགས་བྱས་རྗེས་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་བཀུག་ཡོད། མན་དབྱང་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་དབྱང་ལགས་ཀྱིས་ཧ་ཅང་ཡག་པོ་འདུག སྦྱིན་བདག་གི་སྤྲོ་སེམས་ཆེ་ལ་ཞག་སྡོད་ཁོར་ཡུག་མཛེས་པར་མ་ཟད།ད་དུང་རིན་མི་དགོས་པར་རླངས་འཁོར་འཇོག་ཆོག་གི་འདུག་ཅེས་བསྔགས་བརྗོད་བྱས།

   ཉིན་གུང་བརྒལ་ཙམ་ལ་ཨ་ངག་སྔར་བཞིན་བྲེལ་འཚུབ་ངང་ཁ་པར་ཉན་པ་དང་ཁང་པ་བཀོད་སྒྲིག་བྱེད་བཞིན་ཡོད། ཨ་ངག་གིས་གནས་ཚང་ལས་གཉེར་སྤེལ་བ་ནས་བཟུང་བྲེལ་འཚུབ་ལངས་པ་ལས་ཁོམ་པ་བྱུང་མ་མྱོང་། ཁོས་གསར་འགོད་པར2017ལོར་འབའ་ཐང་རྫོང་གི་རྩ་འཛུགས་འོག་ཏུའུ་ཅང་ཡན་དང་ཁྲེང་ཏུའུ་སོགས་སུ་བསྐྱོད་དེ་གནས་ཚང་ལས་རིགས་ཐད་རྟོག་ཞིབ་བྱས་ནས་ཡུལ་སྐོར་གཉེར་སྐྱོང་གི་ཉམས་མྱོང་ངེས་ཅན་བསགས་ཡོད་ཅེས་བཤད།

    ཨ་ངག་གིས་ང་ཚོའི་གྲོང་སྡེ་འདི་རྒྱལ་སྲུང་གཞུང་ལམ318པའི་ཉེ་འགྲམ་དུ་གནས་ཡོད་པས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བ་ཧ་ཅང་མང་། དུས་ཆེན་དང་ངལ་གསོའི་དུས་ཚོད་རིང་ཚོང་དེ་བས་ཡག་པོ་བྱུང་སོང་། ང་ཚོའི་གནས་ཚང་ལ་སྡོད་ཁང་ཁང་མིག་དགུ་དང་།ཆུ་ཚན་ཁང་མིག་གསུམ་ཡོད། སྡོད་ཁང་ཁང་མིག་རེར་རིན་གོང་སྒོར150ནས800བར་ཡིན་པ་དང་ལོ་རེར་ཡོང་འབབ་སྒོར་ཁྲི40ཙམ་རག་བྱུང་ཞེས་བཤད།

   ཉ་མགོ་གྲོང་སྡེའི་དུད་ཚང20ལྷག་གི་གནས་ཚང་ཐོན་ལས་འཕེལ་རྒྱས་བཏང་ནས་ཡོང་འབབ་འཕར་དུས། འདི་ལོའི་ལོ་སྟོད་དུ་ཡུལ་མི་གཞན་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྡོད་ཁང་མཛེས་སྤྲོས་བྱས་ཏེ་ཆུ་ཚན་གནས་ཚང་བསྐྲུན་རྩིས་བྱེད་བཞིན་ཡོད། ད་སྔར་ཡུལ་མིའི་གནས་ཚང43ལ་འཕར་ནས་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི10ཡན་ཟིན་ཡོད།

   ད་ཆ་གནས་ཚང་ཐོན་ལས་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ཁྱོན་ཡོངས་ལེགས་འགྲུབ་ཡོང་བཞིན་ཡོད།འགྱུར་ལྡོག་དེ་ལས་ཉ་མགོ་ཡུལ་མིའི་གནས་ཚང་དཔལ་འབྱོར་གོ་རིམ་ལྡན་པ་དང་སྐྱོན་བྲལ་འཕེལ་རྒྱས་ཕྱིན་པ་ར་འཕྲོད་ཐུབ།

   གྲོང་སྡེར་གནས་ཚང་ལས་རིགས་སྤེལ་རྗེས་གནས་ཚང་ཐོན་ལས་དང་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་རིམ་བཞིན་མགྱོགས་སུ་ཕྱིན་ཡོད། གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་ཉ་མགོ་གྲོང་སྡེས་གྲོང་སྡེའི་ཉམས་འགྱུར་དང་ཁྱད་ལྡན་ཐོན་ལས། དེང་རབས་ཡུལ་སྐོར་གྱི་དགོས་མཁོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ནས་གནས་ཚང་དཔལ་འབྱོར་གྱིས་གྲོང་སྡེ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཡོད་ཅེས་བཤད།

    མང་ཚོགས་འཚོ་བར་གསེར་གྱི་ཉི་མ་ཤར།

    ཡུལ་མི་བཀྲ་ཤིས་ཀྱིས་ང་ཚོའི་གནས་ཚང་ལས་རིགས་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི25ཙམ་ལ་ཟིན་གྱི་ཡོད།ད་ཆ་ཁྱིམ་ཆས་གསར་པ་དང་རླངས་འཁོར་གསར་པ་ཡང་ཉོས་ཡོད་པས་འཚོ་བ་ནི་ཉིན་བཞིན་ཇེ་རྒྱས་སུ་འགྲོ་བཞིན་ཡོད། གུང་ཁྲན་ཏང་གི་བཀའ་དྲིན་གནམ་ལས་ཆེ།སྔོན་ཆད་རྨི་ལམ་དུའང་རྨིས་མ་མྱོང་པའི་བྱ་བ་མང་པོ་ད་ཆ་མངོན་དུ་གྱུར་སོང་ཞེས་བཤད།

   དེ་སྔ་བཀྲ་ཤིས་ཀྱི་ཁྱིམ་དུ་ནང་མི6ཡོད་པ་དག་གིས་ནས་དང་།པད་ཁ།གྲོ་སོགས་སྲོལ་རྒྱུན་གྱི་སྐྱེ་དངོས་བཏབ་ནས་འཚོ་བ་སྐྱེལ་གྱི་ཡོད། གནས་ཚང་ལས་རིགས་སྤེལ་རྗེས་ནང་མི་ཡོངས་རྫོགས་བདེ་ཞིང་སྐྱིད་པའི་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

དུས་མཉམ་དུ་ཡུལ་མིས་ཉེ་འགྲམ་གྱི་རྫོང་གྲོང་དུ་ལས་ཀ་བྱེད་བདེ་བའི་ཆེད།འབའ་ཐང་རྫོང་གིས་ད་དུང་བཟའ་བཏུང་ཞབས་ཞུ་དང་དམངས་སྡོད་དོ་དམ་སོགས་ཚུད་པའི་རྩལ་ནུས་གསོ་སྦྱོང་ཐེངས་མང་བྱས།

   གཞན་ཡང་ཉ་མགོ་གྲོང་སྡེར་ས་ཞིང་གང་འགབ་ཅི་སྤྱོད་ཀྱིས་གྲོང་སྡེའི་ཐུང་མོང་དཔལ་འབྱོར་སྐྱེད་སྲིང་བྱས་ཏེ་ཀྲི་པུའུ་དང་ཞིང་དུད་ཟུང་དུ་འབྲེལ་བའི་བྱ་ཐབས་ཐོག་ནས་ཉ་མགོ་གྲོང་སྡེའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་བཙུགས་ཡོད།

ཉ་མགོ་གྲོང་སྡེས་གནས་ཚང་ལས་རིགས་དང་ཚོང་ཁང་གཏོད་པའི་ལས་གཞི་ཁྲོད་ཐུང་མོང་དཔལ་འབྱོར་གྱི་རྣམ་པ་སྤྱད་དེ་ཡུལ་མིས་རང་མོས་ངང་མ་རྐང་ནང་ཞུགས་པ་དང་ཡོང་འབབ་མ་རྐང་ལྟར་ཁེ་འབབ་བགོ་བའི་བྱེད་ཐབས་ལྟར་མ་དངུལ་བསྡུ་རུབ་བྱས་ནས་ལས་གཞིའི་ཁེ་སྤོགས་ཀྱི་བརྒྱ་ཆ80མ་རྐང་ནང་ཞུགས་པའི་ཡུལ་མིར་བགོ་བཤའ་བརྒྱབ་ཡོད། གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གིས་སྲིད་གཞུང་གི་མ་དངུལ་དང་གྲོང་སྡེ་རིམ་པའི་རང་གྲབས་ཟུང་འབྲེལ་གྱི་བྱེད་ཐབས་ཐོག་ནས་རྫོང་ཡོངས་ཀྱི་ཚད་ལྡན་ཅན་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་ཐོག་མ་དེ་བཙུགས་ཏེ་བོགས་མར་ལེན་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཀྱི་དཀའ་གནད་ལས་ཐར་ཡོད་ཅེས་བཤད།

   ད་སྔར་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཁང་པ་སྟར་པ་གཉིས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་ཚོང་ཁང23ལ་ཟླ་རེར་ཁང་གླ་སྒོར1800སྤྲོད་ཀྱི་ཡོད། ན་ནིང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཡོང་འབབ་དེ་མེད་པ་ནས་སྒོར་ཁྲི53བར་ཚད་བརྒལ་བྱུང་བ་དང་མི་རེར་ཆ་སྙོམས་ཁེ་སྤོགས་སྒོར777བགོས་ཡོད།

   ཞིང་སྡེ་དང་ཡུལ་སྐོར་སྡེབ་སྒྲིག་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏང་ཆེད།ཉ་མགོ་གྲོང་སྡེས་གནས་སྤོས་ཡུལ་མིའི་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས་བཙོག་ཆུ་བཅོས་སྒྲིག་དང་།གད་སྙིགས་རིགས་དབྱེ།གསང་སྤྱོད་གསར་བརྗེ།ལྗང་བསྒྱུར་བྱ་སྤྱོད་བཅས་རྒྱུན་མཐུད་ངང་སྤེལ་བ་དང་། ཡུལ་མི་སྒྲིག་འཛུགས་བྱས་ནས་སྒོ་ར་རིམ་སྤོར་སྒྱུར་བཀོད་བཅས་བྱས་ཡོད།

   ཕྱིན་ཆད་ཉ་མགོ་གྲོང་སྡེས་ཐུན་མོང་མ་ཡིན་པའི་རང་བྱུང་རི་ཆུ་དང་།འགྲིམ་འགྲུལ་ལེགས་ཆ།ས་ཁམས་ཁོར་ཡུག་བཅས་ལ་བརྟེན་ནས་བསམ་ཕྱོགས་གསར་འབྱེད་དང་ཁྲོམ་རའི་ཐོག་བསྐྱོད་དེ་གྲོང་སྡེའི་སྐྱེ་ཁམས་གསོ་སྐྱོང་དང་།སྤྲོ་གསེང་ལྟ་སྐོར།རིག་གནས་ཉམས་ལེན་སོགས་ཀྱི་རིན་ཐང་སྣ་ཚོགས་སྔོག་འདོན་བྱས་ནས་གྲོང་སྡེ་ཡུལ་སྐོར་ཐོན་ལས་ཁྲོམ་ར་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ་ཞིམ་ཟས་དང་།རོལ་རྩེད།སྤྲོ་གསེང་བཅས་གཞི་གཅིག་ཅན་གྱི་གྲོང་སྡེ་ཡུལ་སྐོར་དཔེ་སྟོན་ཁུལ་བཏོད་དེ་ཉ་མགོ་འདི་ཉིད་འབའ་ཐང་གི་ཆེས་མཛེས་སྡུག་ལྡན་པའི་གྲོང་སྡེ་ཞིག་ཏུ་འགྱུར་བ་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:གཙོ་དོན་སློབ་གསོ་མཐར་ཕྱིན་དང་དོན་ཐོག་ཏུ་འཁྱོལ་བར་བསྐུལ་དགོས་ཞེས་ནན་གསུང་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།