བརྩེ་བའི་འོད་མདངས་དྲོན་མོ་མཐོ་སྒང་ཡུལ་དུ་ཁྱབ།

ཡེ་ཤེས་ཀྱིས་བསྒྱུར།        2024-01-12

དར་མདོར་ལོ20ལྷག་ལ་སློབ་སྐྱོར་བྱས་པའི་ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་བཟའ་ཚང་གཉིས་ཀྱི་གནས་ཚུལ་རགས་བཀོད།

བརྩེ་བའི་འོད་མདངས་དྲོན་མོ་མཐོ་སྒང་ཡུལ་དུ་ཁྱབ།
ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་སློབ་མ་ཚོ་དང་མཉམ་དུ་ཡོད་པ།

ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་བཟའ་ཚང་གཉིས་ནི་སྔོན་མར་ཁྲེང་ཏུའུ་གྲོང་ཁྱེར་ཧྲི་ཧྲི་མཉམ་འབྲེལ་སློབ་འབྲིང་གི་དགེ་རྒན་ཡིན་ཞིང་། དར་མདོའི་ལྷ་སྒང་ལ་སློབ་སྐྱོར་བྱས་ནས་ལོ20ལྷག་ཙམ་འདས། 2012ལོར་བཟའ་ཚང་གཉིས་ལ་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས2011ལོའི“ཀྲུང་གོའི་སེམས་འགུལ་ཐེབས་པའི་མི་སྣ”ཡི་མཚན་སྙན་གནང་བ་དང་། ལོ་དེར་ཧུའུ་ཀྲུང་ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དང་བླངས་པ་བརྒྱ”དང“སི་ཁྲོན་ཞིང་ཆེན་གྱི་ལེ་ཧྥུང་རྣམ་པའི་ཕུལ་བྱུང་དང་བླངས་པ”ལ་བདམས་ཡོད། 2013ལོར་ཞེ་ཞའོ་ཅུན“རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”ལ་བདམས་ཡོད། 2014ལོར་ཧུའུ་ཀྲུང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར”ལ་བདམས་ཡོད། 2015ལོར་ཞེ་ཞའོ་ཅུན་ལ“རྒྱལ་ཡོངས་ལྔ་གཅིག་བུད་མེད་དཔེ་བཟང”གི་མཚན་སྙན་ཐོབ། 2019ལོར་ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་གཉིས་ལ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི”དྲན་གསོའི་རྟགས་མ་ཐོབ་པ་རེད།

ཆ་རྐྱེན་ཕུན་སུམ་ཚོགས་པའི་ཁྲེང་ཏུའུ་ནས་གྲང་ངར་ཆེ་ཞིང་དབྱང་དབུགས་མི་འདང་བའི་མཐོ་སྒང་ལུང་ཁུག་ཏུ་འབྱོར་བ་དང་། ཕུལ་བྱུང་སློབ་མ་མང་བའི་ཞིང་ཆེན་གྱི་གཙོ་གནད་སློབ་འབྲིང་ཞིག་ནས་ཕྲུ་གུ་ཚོས་རྒྱ་སྐད་བཤད་མི་ཤེས་ལ་ཆ་རྐྱེན་ཞན་པའི་ཕན་བདེའི་སློབ་གྲྭ་དེར་ལས་གནས་སྤོས་ནས། བཟའ་ཚང་གཉིས་ཀྱིས་ལོ20ལྷག་གི་རིང་ལ་ཆ་རྐྱེན་ཞན་པའི་དཀའ་ངལ་ལ་མི་འཛེམས་པར་ལྷད་མེད་ཀྱི་ལྷག་བསམ་དཀར་པོས་མཐོ་སྒང་མི་རིགས་ཁག་གི་སློབ་མར་དྲོ་སྐྱིད་སྦྱིན་པ་དང་། ཕྲུ་གུ་རྣམས་རིག་གནས་ཀྱི་དཔལ་འབར་བའི་ཁྲོད་ནས་འཚར་ལོངས་བྱུང་བ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པར་འབད་བརྩོན་ལྷོད་མེད་བྱས་པ་རེད། ཁོང་གཉིས་ཀྱི་བྱ་སྤྱོད་དང་གཏམ་སྤྱོད་ལས་མི་རིགས་མཐུན་སྒྲིལ་གྱི་བརྩེ་མདངས་རབ་ཏུ་མཚོན་པ་རེད།

བརྩེ་བའི་འོད་མདངས་དྲོན་མོ་མཐོ་སྒང་ཡུལ་དུ་ཁྱབ།
ཧུའུ་ཀྲུང་གིས་སློབ་ཁྲིད་བྱེད་བཞིན་པ།

རང་གི་མདུན་ལམ་དང་བདེ་སྐྱིད་རྒྱབ་ཏུ་བསྐྱུར་ནས་མཐོ་སྒང་དུ་དགེ་རྒན་གྱི་བྱ་བར་ཞུགས།

ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་གཉིས་ཁྲུང་ཆིང་དགེ་འོས་སློབ་ཆེན་དང་སི་ཁྲོན་རོལ་དབྱངས་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་།སྔར་སི་ཁྲོན་ཞིང་ཆེན་སློབ་འབྲིང་གཙོ་བོ་ཧྲི་ཧྲི་མཉམ་འབྲེལ་སློབ་འབྲིང་ནང་དགེ་རྒན་བྱས་མྱོང་ལ། འཚོ་བར་དཀའ་ངལ་སྤུ་ཙམ་ཡང་མེད་པའི་ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་གཉིས་ཀྱིས་མཐོ་སྒང་གི་སློབ་མ་ཚོའི་ཆེད་དུ་རང་མོས་ངང་དཀའ་ཚེགས་ཆེ་བའི་ལམ་བུའི་ཐོག་ཏུ་བསྐྱོད་པ་རེད། ཀུན་གྱི་ཡིད་སྨོན་བྱེད་སའི་གྲོང་ཁྱེར་གྱི་འཚོ་བ་དོར་ནས་མཐོ་སྒང་གི་ཡུལ་ལ་དགེ་རྒན་བྱེད་དུ་ཡོང་དོན་ནི་ལོ23གོང་གི་གསར་འགྱུར་ཞིག་ལས་རག་སྟེ། ལོ23སྔོན་གྱི་ཉིན་ཞིག་ལ་ཧུའུ་ཀྲུང་གིས་དགོང་དྲོའི་ཚགས་པར་ཞིག་གི་ཐོག་ནས་དར་མདོ་རྫོང་ལྷ་སྒང་ཡུལ་ཤོག་ལ་དགེ་རྒན་མི་འདང་བ་དང་དྭ་ཕྲུག་མང་པོར་སློབ་གསོ་བཟང་པོ་ཐོབ་དཀའ་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་རྗེས། ཧུའུ་ཀྲུང་ལ་རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་དགེ་རྒན་མི་འདང་བའི་ཐག་རིང་དབུལ་པོའི་ས་ཁུལ་དུ་སློབ་སྐྱོར་འགྲོ་འདོད་ཆེན་པོ་སྐྱེས། སྐབས་དེ་དུས་ཧུའུ་ཀྲུང་དང་ཞེ་ཞའོ་ཅུན་གཉིས་ཀྱི་ལས་དོན་བརྟན་པོ་ཡིན་པ་དང་མདུན་ལམ་ཡངས་ལ་ཁྱིམ་ཚང་བདེ་སྐྱིད་ལྡན་པ། བུ་མོ་ཞིག་སྐྱེས་ནས་ཟླ་བ་ཁ་ཤས་ལས་འགོར་མེད།ཁོང་གཉིས་ལ་སློབ་སྐྱོར་དུ་འགྲོ་འདོད་ཆེ་ཡང་འགྲོ་ན་འདི་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། འོན་ཀྱང་དྭ་ཕྲུག་ཚོའི་དཀའ་ངལ་དེ་ཁོ་གཉིས་ཀྱི་སེམས་ནང་རྡོ་ལ་རི་མོ་བཀོད་པ་ལྟར་ནམ་ཡང་བརྗེད་མེད། 2000ལོའི་སྟོན་འགོར་ཁོ་གཉིས་ལྷ་སྒང་དུ་ཡོང་ནས་ས་གནས་རང་གི་སློབ་གྲྭའི་གནས་ཚུལ་རྒྱུས་ལོན་བྱས་པ་ན། སློབ་ཁང་ཐབས་ཆག་དང་ས་ཁོད་མི་སྙོམས་པའི་ལུས་རྩལ་ཐང་བཅས་མཐོང་དུས། ཁྲེང་ཏུའུ་སློབ་གྲྭ་ཁག་དང་དར་མདོ་ལྷ་སྒང་གི་སློབ་གྲྭ་ཁག་གི་ཆ་རྐྱེན་ལ་གནམ་སའི་ཁྱད་པས་སེམས་པ་ཧ་ཅང་སྐྱོ།

ལྷ་སྒང་ནས་ཁྱིམ་ལ་ལོག་རྗེས། ཧུའུ་ཀྲུང་གིས་ཞེ་ཞའོ་ཅུན་ལ་ཁོ་རང་སེམས་ཐག་བཅད་ནས་སློབ་སྐྱོར་ལ་འགྲོ་འདོད་ཡོད་ཟེར། ཞེ་ཞའོ་ཅུན་ལ་མ་གཞི་མོས་མཐུན་མེད་ཀྱང་མོའི་སེམས་ལ་ཡང་སྙིང་རྗེ་བའི་སློབ་མ100ལྷག་བློས་གཏོང་མ་ཐུབ་པ། ཁྱོ་གའི་ཐག་གཅོད་ལ་རྒྱབ་སྐྱོར་མི་བྱེད་ཁག་མེད་གྱུར། དེ་ནས་ཧུའུ་ཀྲུང་གིས་སློབ་གྲྭར་དགོངས་པ་ཞུ་ཡིག་ཕུལ་རྗེས་ཐེ་ཚོམ་སྤུ་ཙམ་མེད་པར་མཚོ་འཕགས་སྨི3800ལྷག་ཡོད་པའི་རྒྱང་རིང་མཐོ་སྒང་གི་སློབ་གསོའི་བྱ་བར་གོམ་ཁ་བསྒྱུར་བ་རེད།

གཟུགས་གཞི་ཆུང་བའི་ཞེ་ཞའོ་ཅུན་གྱིས་ཀྱང་ཁྱོ་གའི་ཕུགས་བསམ་ལ་རྒྱབ་སྐྱོར་བྱ་ཆེད། གུང་གསེང་རིང་ཕྲུ་གུ་འཁྲིད་དེ་ཅ་ལག་སྣ་ཚོགས་ཁྱེར་ནས་ལྷ་སྒང་ལ་འོངས་ཏེ། སློབ་མ་ཚོར་གཞས་དང་ཞབས་བྲོ། རྒྱ་ཡིག་བཅས་སློབ་ཁྲིད་བྱས་པ་དང་།དུས་ཚོད་རིང་པོ་བརྒྱུད་ཞེ་ཞའོ་ཅུན་དང་སློབ་མ་ཚོའི་བར་གྱི་བརྩེ་དུང་ཡང་ཉིན་རེ་བཞིན་ཇེ་ཟབ་ཏུ་གྱུར།

ཧུའུ་ཀྲུང་སློབ་སྐྱོར་བྱས་རྗེས་ཀྱི་ལོ་གསུམ་པར་ཞེ་ཞའོ་ཅུན་གྱིས་ལོ3ལོན་པའི་བུ་མོ་འཁྲིད་དེ་ཁྱོ་གའི་རྗེས་སུ་འབྲངས་ནས་སློབ་གྲྭ་དེར་བསྐྱོད། 2006ལོའི་སྟོན་དུས་ཀྱི་སློབ་འགོ་ཚུགས་སྐབས་ཞེ་ཞའོ་ཅུན་གྱི་སློབ་གྲྭས་མོ་ཁྲེང་ཏུའུ་རུ་ལོག་དགོས་པའི་བླང་བྱ་བཏོན་ནས་ཁྲེང་ཏུའུ་ལ་མ་ལོག་ཁག་མེད་བྱུང་། ཆ་རྐྱེན་ཕུན་སུམ་ཚོགས་པའི་གྲོང་ཁྱེར་ནང་སྡོད་པའི་ཞེ་ཞའོ་ཅུན་གྱི་སེམས་ནང་འགྱོད་པ་ཆེན་པོ་སྐྱེས་ཏེ། མོས“ང་ཧྲེ་ཧྲེ་མཉམ་འབྲེལ་སློབ་འབྲིང་ནས་བྲལ་ན་ཕུལ་བྱུང་དགེ་རྒན་དེ་བས་མང་བ་ཞིག་གིས་ངའི་ཚབ་བྱེད་ཆོག་མོད། འོན་ཀྱང་ང་མཐོ་སྒང་སློབ་གྲྭ་དེ་ནས་བྲལ་ན་དགེ་རྒན་དེ་བས་མི་འདང་བ་དང་དེ་གའི་བོད་རིགས་སློབ་མ་ཚོར་དེ་བས་མཁོ་གལ་ཆེ་བ་རེད”ཅེས་དབུགས་རིང་འབྱིན་བཞིན་ལས་གྲོགས་ཚོར་དེ་ལྟར་བཤད། 2007ལོའི་ཟླ་བ2པར་གང་ཅི་ཐད་ནས་འབད་བརྩོན་བྱས་པ་བརྒྱུད་ཞེ་ཞའོ་ཅུན་གྱི་ལས་ཀའི་འབྲེལ་བ་དེ་དར་མདོར་བསྒྱུར་ནས་ལྷ་སྒང་གི་སློབ་གྲྭ་དེའི་རྒྱ་ཡིག་དགེ་རྒན་ཞིག་ཏུ་གྱུར།

བརྩེ་བའི་འོད་མདངས་དྲོན་མོ་མཐོ་སྒང་ཡུལ་དུ་ཁྱབ།
ཞེ་ཞའོ་ཅུན་གྱིས་སློབ་མ་ཚོ་ཁྲིད་དེ་རིག་རྩལ་འཁྲབ་སྟོན་བྱེད་བཞིན་པ།

བརྩེ་སེམས་ཀྱི་འོ་ཆུ་གཅིག་ཏུ་འདྲེས་ནས་རྒྱ་རིགས་ཀྱི་ཨ་ཕ་དང་ཨ་མར་གྱུར།

ཧུའུ་ཀྲུང་ཐོག་མར་སློབ་གྲྭར་སླེབས་སྐབས་ལ་དུག་ཕོག་པ་དང་ལྟོ་ཆས་མི་འཚམ་པ། ཉལ་ཁང་ཐབས་ཆག་བཅས་ཀྱི་དཀའ་ངལ་སེལ་ཐུབ་ཀྱང་། སློབ་ཁྲིད་ཐད་དཀའ་ངལ་འཕྲད་སྐབས་ཁོ་ལ་སེམས་ཁྲལ་ཆེན་པོ་བྱུང་བ་སྟེ། སློབ་གྲྭའི་སློབ་མ་ཚོ་ནི་ཁུལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བ་ཡིན་ལ་ཚང་མ་དྭ་ཕྲུག་དང་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་རྐྱང་པ་ཡིན་ཞིང་། བོད་རིགས་དང་དབྱིས་རིགས། ཆའང་རིགས་སོགས་ཀྱི་སློབ་མ་མང་པོ་ཞིག་གིས་སྤྱི་སྐད་ཤོད་ཤེས་ཀྱི་མེད་ལ་སྤྱི་སྐད་ཉོན་ཡང་མི་ཤེས་པ། དེ་ནས་སློབ་མ་ཚོར་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱ་རྒྱུར་ལྕག་སྐུལ་བྱ་ཆེད། ཧུའུ་ཀྲུང་གིས་རང་ཉིད་ཀྱི་གླ་ཕོགས་ཉུང་ན་ཡང་། སློབ་མ་ཚོར་སློབ་སྦྱོང་གི་བྱ་དགའི་དངོས་རྫས་ཉོས་ནས་སློབ་སྦྱོང་ཧུར་ཐག་བྱེད་པར་བསྐུལ་བ་རེད།

ཧུའུ་ཀྲུང་གིས་བྱ་བ་བཟང་པོ་ཞིག་སྒྲུབ་པ་ནི་ངང་རྒྱུད་རིང་ཞིང་སྙིང་སྟོབས་ཀྱི་རྒྱབ་སྐྱོར་ཆེན་པོར་རག་ལས་པ་སྙམ་སྟེ། ཁོང་གིས་བོད་སྐད་རང་སྦྱོང་བྱས་པ་དང་སློབ་མའི་སྡོད་ཁང་དུ་སྤོས་ནས་ཉིན་ལྟར་སློབ་མ་ཚོ་དང་མཉམ་དུ་སློབ་སྦྱོང་དང་ལུས་སྦྱོང་བྱས། ཉིན་ཞིག་གི་ཞོགས་པར་ཧུའུ་ཀྲུང་གིས་སློབ་མར་ལྭ་བ་བསྐོན་སྐབས་གློ་བུར་དུ་རྒྱབ་ཕྱོགས་ནས་ཨ་ཕ་ཞེས་འབོད་པ་ཐོས། ཁོང་ཕྱིར་འཁོར་ནས་ལྟ་དུས་སློབ་མ་ཚང་མས་ཁོང་ལ་ཨ་ཕ་ཨ་ཕ་འབོད་བཞིན་པ་དང་།ཧུའུ་ཀྲུང་གིས་སློབ་མ་ཚོའི་འཛུམ་མདངས་ལ་ལྟ་བཞིན་རང་གི་ལས་ཀ་ཚང་མ་ནི་བྱེད་རིན་ལྡན་འདུག་སྙམ་ནས་ཡིད་འགུལ་ཐེབས་པའི་མིག་ཆུ་བཞུར་བ་རེད།

ཞེ་ཞའོ་ཅུན་ལ་ཨ་མའི་ཞི་འཇམ་དང་ཞིབ་ཚགས་ཀྱི་རྣམ་པས་ཕྱུག་སྟེ། ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ནས་སློབ་མ་ཚོར་སེམས་འཁུར་བྱས་ཤིང་། མོས་དུས་རྒྱུན་སློབ་མའི་འཚོ་བ་དང་སློབ་ཁྲིད་ཐད་ངང་རྒྱུད་རིང་པོས་ཧུར་བརྩོན་དང་སྐུལ་ལྕག་བྱེད་ཀྱིན་ཡོད། ཁོང་ལ་ནད་གཞི་ལྕི་མོ་ཡོད་ཀྱང་མོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་མ་ཚོར་སློབ་ཁྲིད་དང་བྱམས་སྐྱོང་བྱས་པས་ཕྲུ་གུ་ཚོའི་སེམས་ནང་ཞེ་ཞའོ་ཅུན་ནི་བྱམས་བརྩེ་ལྡན་པའི་རྒྱ་རིགས་ཀྱི་ཨ་མ་ཡིན། ཁོང་གཉིས་སློབ་མ་ཚོའི་ཕ་མ་ལྟ་བུའི་གཉེན་ཉེར་གྱུར་པར་མ་ཟད། གྲོང་མི་དང་སློབ་མའི་ཁྱིམ་བདག་ཚོས་དུས་རྟག་པར་བསྟོད་བསྔགས་བྱེད་ཀྱིན་ཡོད།

ལོ་ཉི་ཤུ་ལྷག་གི་རིང་གཟའ་ཚང་གཉིས་རང་གི་ཕ་ཡུལ་དུ་ལོག་ཐེངས་ཧ་ཅང་ཉུང་ལ། ཞེ་ཞའོ་ཅུན་གྱིས་ཐ་ན་ཕ་ལགས་སྐུ་ཚེ་འདས་སྐབས་ཀྱང་ལོགས་སུ་མེད་པ་རེད། མཐོ་སྒང་གི་སློབ་མ་ཚོའི་ཆེད་དུ་ཁོང་གཉིས་ཀྱིས་དཀའ་ངལ་ལ་མ་འཛེམས་ནས་སློབ་མའི་མ་འོངས་པར་རེ་བ་བཅོལ་ཡོད་པ་རེད། སྨྱུག་འཛིན་པས་ཁོང་གཉིས་ཀྱི་ཁྱིམ་མིའི་གནས་ཚུལ་དྲིས་དུས་ཁོང་གཉིས་ཀྱིས་རྗེས་སུ་སློབ་གྲྭ་འདིར་ང་གཉིས་དགོས་མཁོ་ཆུང་དུས་ཁྱིམ་དུ་ལོག་ནས་རྒན་རྒོན་ཚོ་ལ་སྲི་ཞུ་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་ཀུ་རེའི་ཚུལ་དུ་དེ་ལྟར་བཤད།

སློབ་མ་ཚོ་རིམ་གྱིས་འཚར་ལོངས་བྱུང་བ་དང་། ཧུའུ་ཀྲུང་བཟའ་ཚང་གཉིས་ཀྱིས་ཁོ་ཚོར་སློབ་གསོ་ཡག་ཤོས་དང་རེ་བ་ལྡན་པའི་མི་ཚེ་ཞིག་གི་མདུན་ལམ་བསྟན་ཡོད།སློབ་མ་ཚོ་ཡང་རིམ་བཞིན་ལས་གནས་མི་འདྲ་བའི་ཐོག་བསྐྱོད་དེ་དམག་མི་དང་དགེ་རྒན། གཞུང་ཞབས་པ། སྨན་པ། མདོ་འཛིན་པ། གླུ་པ་བཅས་ལས་གནས་མང་པོར་ཞུགས་ཐུབ་པར་མ་ཟད། སློབ་མ་འགའ་སློབ་གྲྭར་ཕྱིར་ལོག་ནས་རང་གི་དགེ་རྒན་ཚོ་དང་མཉམ་དུ་དགེ་རྒན་གྱི་ལས་ཀར་ཞུགས་ནས་རང་ཉིད་དང་འདྲ་བའི་སློབ་མ་ཆུང་ཆུང་ཚོར་གསོ་སྐྱོང་བྱེད་ཀྱིན་ཡོད།

ལོ་ཉི་ཤུ་ལྷག་གི་རིང་ཧུའུ་ཀྲུང་བཟའ་ཚང་གཉིས་ཀྱིས་རྒྱུན་འཁྱོངས་ལྷོད་མེད་བྱས་པས་ཁོང་གཉིས་ནི་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གི་སློབ་མ་ཚོའི་དཀར་གསལ་སྒྲོན་མེ་ལྟ་བུར་གྱུར་ཞིང་། སྒྲོན་མེ་དེས་ས་གནས་གཞན་དག་གི་དང་བླངས་པ་དེ་བས་མང་པོ་ཁོང་ཚོའི་གྲལ་དུ་འགུགས་པ་དང་། ས་གནས་དེ་གའི་སློབ་མ་དེ་བས་མང་པོ་གསོ་སྐྱོང་བྱས་ནས་སྦྱངས་འབྲས་ལེགས་པོ་ཐོབ་པ་དང་། ཁོང་གཉིས་ཀྱིས་ལས་དོན་ཐོག་བྱས་རྗེས་གཟེངས་སུ་ཐོན་པ་བཞག་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་དུས་རབས་ཀྱི་དབྱངས་རྟ་དཀྲོལ་བ་རེད།།

  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གི་རྫོང་གྲོང་རྣམ་པ་བཟང་ལ་གཞིས་མིའི་སྐྱིད་སྣང་ཆེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།