ངས་ང་རང་མ་རྙེད་པའི་སྐོར།

ཐོར་བུ།        2024-01-30

རང་ཉིད་ཟེར་བ་ནི།

བཙལ་ཡང་མི་ལོན་པའི་

དཔྱད་ཀྱང་མི་རྙེད་པའི་

རྨི་ལམ་ནང་ནས་བོར་བའི་

སྙིང་སྡུག་གི་བུ་མོ་ཞིག་དང་འདྲ།

ཡང་ན། གཏན་དུ་ཡལ་ཟིན་པའི་

བྱིས་དུས་ཀྱི་རྨི་ལམ་རེད་

མིན་ན་རེག་ཏུ་མེད་པའི་

འཁྲུལ་སྣང་གི་དམྱལ་ཁམས་ཤིག་རེད།

དུས་ཚོད་ཀྱི་སྐར་ཆ་རེ་རེ་ནས་ཟེགས་འགྲོ་དུས།

ང་ལ་བྲེལ་སྣང་ཞིག་ཐོན་ཡོང་།

དེ་ལྟ་ནའང་དེ་ནི་གང་ནས་ཡོང་མིན།

ང་ཡིས་རྟོགས་པར་མི་གྱུར་ཏེ།

ད་ལྟའི་ཆུ་ངོགས་སུ་གཞས་ལ་ཉན་པའི་

ང་ཟེར་བའི་མིང་ཡིག་ཐོབ་མཁན་འདི་འང་།

གང་ནས་ཡོང་བ་མི་གོ་དང་འདྲ་པོ་འདུག།

ང་ཡིས། ང་རང་ཇི་ལྟར་བཙལ་རུང་།

རྨི་ལམ་འཁྲུག་པའི་རྣམ་པ་ཞིག་ལས།

འཁྲུལ་སྣང་སྟེར་བའི་མུན་པ་ཞིག་ལས།

ཅི་ཡང་མ་རྙེད། རོགས་པ།

ཁྱོད་ཀྱིས་ང་ལ་ང་རང་བཙལ་ཚུལ་ཞིག་སྩོལ་ལམ།

ང་ཡིས་ང་རང་མ་རྙེད་པའི་ལོ་ཟླ་རེ་རེ་ནི།

འཁྲུལ་སྣང་ལས་ཕྱིར་ཐར་བའི་

སྐར་ཁུང་ཁ་ཡི། བྱིན་རླབས་མཐོང་བའི་

དུས་ཚོད་ཅིག་ཡིན་ནོ་སྙམ་རུང་།

ནང་མི་ཚོས་ཟེར་ན།

གྲོགས་པོ་ཚོས་ལབ་ན།

ང་ནི་ང་རང་ཡོད་སའི་གོ་ལའི་སྟེང་ན་

འདུག་ཟེར།

ང་ནི་རང་ཡོད་པའི་ཁང་ཆུང་དེ་ན་འདུག་ཟེར།

ང་ནི་ང་རང་འཁྲུལ་སའི་རྨི་ལམ་ནང་ན་

འདུག་ཟེར།

ང་གང་རེད། སྟོན་དང་ལབ་དུས།

ནང་མི་ཚོས། གྲོགས་པོ་ཚོས།

ངའི་ལག་པའམ། ཡང་ན་བྲང་ངམ།

ང་ན་ངའི་གཟུགས་པོ་ལ་མཛུབ་མོ་ཀེར་ཏེ།

འདི་རེད་ཟེར། དེ་ནི་ང་ཡིན་ནམ།

འོ་ན་རྨི་ལམ་དུ་ངས་ང་རང་ཟེར་བ་དེ་

མཐོང་དུས།

ང་རང་ཉལ་སའི་ནང་དུ་གཉིད་མི་འདུག།

ང་རང་ཟེར་བ་དེས་རལ་གྲི་ཞིག་བཟུང་སྟེ།

དགྲ་བོ་ལ་འཐབ་བཞིན་འདུག།

དེ་དུས་ངས་ནང་མི་ལ།

ང་གང་རེད་ལབ་ན།

རལ་གྲི་བཟུང་ཡོད་མཁན་དེ་རེད་ཟེར།

འོ་ན་གཉིད་ཡོད་མཁན་དེ་ང་མ་རེད་དམ།

ཡང་ན་ང་རང་ཕྱེད་གཉིས་སུ་གས་པ་རེད་དམ།

རྨི་ལམ་ནང་ནས་འཕུར་ཆོག་པ་བཞིན།

འཁྲུལ་སྣང་ནགས་སུ་འཆི་ཆོག་པ་བཞིན།

ང་རང་ཟེར་བ་ཞིག་རྟོག་བཟོ་བྱས་ན་ཆོག་མོད།

དེ་ནི་ང་རང་ཡིན་ནམ། དེ་ག་ང་རང་ཡིན་ཚེར།

ང་རང་རྟོག་སྒྲུང་ལས་རྙེད་པའི་མི་ཞིག་རེད།

ཡུལ་དངོས་ནས་མི་རྙེད་པར་རྟོག་སྒྲུང་དུ་

བཅུག་པའི་མི་ཡིས་མི་རུ་བཏགས་པའི་

མི་ཞིག་རེད།

དེ་བས་ངས།

ང་རང་ཟེར་བའི་མི་དེ་རྙེད་ཐབས་མི་འདུག།


  • ལེ་ཚན་སྔོན་མ།:སྐབས་ཤིག་ལ།
  • ལེ་ཚན་རྗེས་མ།:བྲོ་མ་ཞིག་གི་སྒྲོ་གུར་མཛེས་པའི་སྙན་ཚིག།