སང་ཉིན།

གངས་ཆབ་ལྷ་སྲས།        2024-01-30

སང་ཉིན་སྨིན་མ་ཐུབ་པའི་ལྗོན་ལོ་དེ་ཇེ་རྒྱས་ཡོང་སྲིད།

སང་ཉིན་རྙིད་སོང་བའི་མེ་ཏོག་གི་ཁ་དོག་དེ་ཇེ་མཛེས་ཡོང་སྲིད།

སང་ཉིན་རྡོ་བའི་ཁྲོད་དུ་རུལ་བའི་རྩྭ་སྐྱ་དེ་ཤུལ་ཤུལ་འགུལ་སྲིད།

སང་ཉིན་སྒེའུ་ཁུང་འགྲམ་གྱི་ཉི་འོད་དེའང་ནུབ་པ་འཕྱི་སྲིད།

དེ་བས་ངས་སང་ཉིན་ལ་སྒུག་བཞིན་ཡོད།

སང་ཉིན་ལུས་ཀྱི་ཚིལ་དྲི་མཐའ་དག་སྐད་ཅིག་གིས་ཡལ་སྲིད།

སང་ཉིན་ནང་སེམས་ཀྱི་རྨ་ཁའི་གས་སྲུབས་དེ་བགས་ཀྱིས་སོས་ཡོང་།

སང་ཉིན་མིད་ཐག་ཁུད་དུ་ལུས་པའི་སྐད་ཆ་དག་ཐོལ་གྱིས་ཐོས་ཡོང་།

སང་ཉིན་སྟོང་སེམས་ཁོ་ནས་བཅངས་བའི་རེ་བ་དེའང་ཡོངས་སུ་འགྲུབ་སྲིད།

དེ་བས་ངས་སང་ཉིན་ལ་རེ་ལྟོས་བྱེད་བཞིན་ཡོད།

སང་ཉིན་སྨུག་ཆར་འདྲེས་མའི་ཆུ་ཐིགས་དེ་ཁ་ཚུབ་ལས་ལྷུང་སྲིད།

སང་ཉིན་ཕ་ཡུལ་གྱི་སྒལ་གཞུང་ནས་རྫི་བུ་ཞིག་གིས་རི་གླུ་བཏང་སྲིད།

སང་ཉིན་ལྷས་འདབས་སྲུང་བའི་འབྲོག་མོ་དེ་ཡིས་བཞོ་དབྱངས་འཐེན་སྲིད།

སང་ཉིན་ཁ་ངོ་སྣབས་ཀྱིས་གཡོགས་པའི་བྱིས་པ་དེས་དབྱངས་གསལ་སྦྱང་སྲིད།

དེ་བས་ངས་ཕུགས་ཀྱི་འདུན་མ་སང་ཉིན་ལ་བཅོལ་པ་ཡིན།

སང་ཉིན་བག་ལ་ཞ་བའི་ས་ཆ་འདི་མཛེས་སྡུག་གིས་བརྒྱན་ཡོང་།

སང་ཉིན་སྟེས་དབང་གིས་འཕྲད་པའི་ཁྱོད་རང་དུ་མར་འཕྲད་སྲིད།

སང་ཉིན་འཚོ་བའི་མེ་ལོང་ངོགས་སུ་འབྱར་བའི་ས་རྡུལ་ཡིབ་སྲིད།

སང་ཉིན་སྔུན་ཆད་རིག་མ་ཐུབ་པའི་འུ་ཚང་གི་མེས་པོའི་ཞལ་ཁྱིམ་མཐོང་སྲིད།

དེ་བས་ངའི་ལས་དབང་སང་ཉིན་གྱི་ལག་ཏུ་ཡོད།

ཚེ་ཡི་སྲོག་སྐུད་རེ་རེ་ལ་འཐིམས་པའི་རྣམ་ཤེས་ཀྱིས།

ལས་ཀྱི་རྣམ་སྨིན་སྟེང་དུ་ཁ་དོག་སྣ་ཚོགས་ཀྱི་རི་མོ་བྲིས།

མི་ཚེ་ཡི་འདས་མ་ད་གསུམ་རྨི་ལམ་གྱི་འཁྲིས་སུ་ཞོགས་པས།

ངས་རེ་བ་ཡོད་ཚད་སང་ཉིན་གྱི་སྐྱ་རེངས་ལ་འཁྲེང་བཞིན་མཆིས།


  • ལེ་ཚན་སྔོན་མ།:ཕ་མ་ནི་སེམས་ཀྱི་ལྷ་དར་དཀར་པོ་ཡིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།