མཁའ་འགྲོར་ཕུལ་བའི་དབྱངས།

ཧུན • དུར་རོ།        2024-01-19

ཕྱག་ཟུང་སོར་མོའི་རྩེད་འཇོ་ལས།།

སིལ་སྙན་རྣ་བའི་བཅུད་དུ་དཀྲོལ།།

དལ་ལྷོད་ངག་གི་དབྱངས་འགྲོས་ལས།།

དགོས་འདོད་ཆོས་ཀྱི་བདུད་རྩི་ལེན།།

སྤྱན་ཟུང་ཀེམ་ཀེམ་གཡོ་བ་ཡིས།།

འཛུམ་ཆུང་མེ་ཏོག་རེ་རེ་དགོད།།

ཆོ་འཕྲུལ་གར་གྱི་སྟངས་སྟབས་ལས།།

བདེན་དོན་གཤིས་ཀྱི་གནས་ལུགས་བསྟན།།

ཞབས་ཟུང་པདྨའི་འཁོར་ལོ་ལས།།

སྣང་སྟོང་དབྱིངས་ཀྱི་སྒྱུ་མ་འཁྲབ།།

སྨིན་ལེགས་བཞིན་གྱི་འདབ་མ་རུ།།

དུང་སེམས་ཟིལ་བའི་རླན་ཐིག་འཕྱོ།།

མཆུ་སྒྲོས་བུམ་པའི་འདབ་མ་ལས།།

ཚངས་དབྱངས་གསུང་གི་ཏམྦུ་དཀྲོལ།།

དཀར་གསལ་ཚེམས་ཀྱི་ཕྲེང་བ་ལས།།

གསལ་དག་ཚིག་གི་མུ་ཏིག་མཛེས།།

བཀོད་ལེགས་དབང་གི་ཕོ་བྲང་ལས།།

མཚར་སྡུག་ལི་ཁྲིའི་གདན་གྱི་ཁར།།

དགྱེས་འཛུམ་མདངས་ཀྱི་ཉི་མ་གྲོལ།།

མི་གཡོའི་སྐྱིལ་ཀྲུང་རྒྱན་དུ་བཞུགས།།

ལྷོད་འཇམ་གཤིས་ཀྱི་གསུང་ངག་ལས།།

ཟབ་དོན་ཆོས་ཚིག་དབྱངས་སུ་གྱེར།།

དེ་ཉིད་དོན་གྱི་བདེན་པ་ལ།།

ཁ་ཐག་ཉེ་བའི་ངང་ཚུལ་ལོན།།

སྙིང་ཆུང་བྱུ་རུའི་བུམ་པའི་ནང་།།

ཆོས་དབྱིངས་བདེ་ཆེན་དྭངས་མའི་ཁམས།།

ཐབས་ཤེས་ཟུང་འཇུག་སྦྱོར་ལམ་ལས།།

གཉུག་མའི་གཤིས་ལ་རིང་ནས་བཞུགས།།


  • ལེ་ཚན་སྔོན་མ།:མི་ཉག་ལི་ཆུ་ཕྲ་མོ།
  • ལེ་ཚན་རྗེས་མ།:གཞལ་མེད་ཀྱི་ནོར་བུ།