སྐྱེལ་ཆང་།

རྫ་ཤུལ་བློ་བཟང་།        2024-01-17

ད་ལོ་མེ་ཏོག་སད་ཀྱིས་ཁྱེར་སོང་། །

འདང་བརྩེའི་རི་མོ་དབྱིངས་སུ་དེངས་སོང་། །

རྣམ་ཤེས་འཁྱམ་པོ་རྒྱང་རིང་ཕྱོགས་པས། །

ས་ཆེན་སྟེང་གི་བརྩེ་བ་བོར་སོང་། །

སྙིང་གཏམ་དམར་པོ་རླུང་གིས་གཏོར་སོང་། །

མི་འགྱུར་དམ་ཚིག་ཆུ་ཡིས་ཁྱེར་སོང་། །

གདུང་བའི་སྨྲེ་སྔགས་སེམས་སུ་བཟུང་ནས། །

སྐྱོ་བའི་མགུར་གླུ་ངག་ལ་དྲངས་ཡོད། །

འཛུམ་ཆུང་དུང་ཟླ་སྤྲིན་པས་བསྒྲིབས་སོང་། །

བྲིས་པའི་སྙིང་གཏམ་ཆུས་ཡིས་རྡོལ་བྱུང་། །

མིག་ཆུས་ཤེལ་གྱི་མཆོད་རྟེན་བཞེངས་ནས། །

སྨོན་ལམ་གཙང་མས་མཐའ་ནས་བརྒྱན་ཡོད། །

ཡིད་འོང་ཕྱེ་ལེབ་རྒྱང་རིང་འཕུར་སོང་། །

ལག་བརྡ་མེད་པར་གཏན་དུ་གྱེས་སོང་། །

མ་ཤི་སེམས་ཀྱི་སྡུག་བསྔལ་ཡོད་ཚད། །

ས་ཆེན་འདི་ཡིས་འདེགས་ཐབས་མེད་འདྲ། །

འཁོར་བ་མི་མེད་ཐང་སྟོང་འདྲ་སོང་། །

འཚོ་བའི་དྲོད་ཁོལ་གཞི་ནས་བྲལ་སོང་། །

གཙང་ཆུའི་འགྲམ་ནས་དྲན་མགུར་བླངས་ནས། །

མིང་དང་ཚིག་གིས་གྱེས་ཕྱག་ཕུལ་ཡོད། །

རང་སེམས་མེ་ལ་སྒྲོན་པའི་ཁེར་རྐྱང་། །

མིག་ཆུ་གཙང་པོར་འདྲེས་པའི་ཁེར་རྐྱང་། །

འདང་བརྩེའི་དམ་བཅའ་སེམས་སུ་བརྐོས་ནས། །

སྤྲོ་སྣང་མེད་པར་གང་དུ་ཆས་འགྲོ། །

དུང་སེམས་དུང་ཟླའི་ཟིལ་བ་ཆགས་པའི། །

རྣམ་ཤེས་ཕྲ་མོ་འཆི་ཚོད་བསླེབས་སོང་། །

ཨུ་དུམ་ཝཱ་ར་སད་ཀྱིས་ཁྱེར་བས། །

རྒྱང་རིང་ཡུལ་དུ་སེམས་པ་འཁྲེང་སོང་། །

དྲན་རྟེན་རེ་རེ་སེམས་རྟེན་བྱས་ནས། །

རྨི་ལམ་ཞིག་གི་ཁ་བྱང་བཏགས་ཡོད། །

འཁྲུལ་སྣང་རིང་མོའི་ཚོན་ཁྲ་ཕབ་ཅིང་། །

སྣང་བར་དགུན་གྱི་དུས་ཚིགས་ཚེས་སོང་། །


  • ལེ་ཚན་སྔོན་མ།:ཁམས་ཀྱི་ནང་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།