རྒོད་པོ་ཚོ། མདུན་ནས་མདུན་དུ་སྐྱོད་ཅིག།

༼ ཁ་བ་ན་རོ། ༽        2024-03-15

ལམ་ནི་རྐང་འོག་ནས་རྒྱང་ལ་འཐེན་ཡོད་པས།

དཀའ་ཚེགས་ཀྱི་ལམ་ཕྲན་བརྒལ་བའི་རྒོད་པོ་ཚོ།

ཕ་མ་ཡི་རེ་སྨོན་བཅངས་པའི་རྒོད་པོ་ཚོ།

དཀྱེལ་ཡངས་ཀྱི་བློ་ཁ་འབད་འབུངས་ཀྱིས་བསྐུལ་ཏེ།

མཛེས་སྡུག་ལྡན་པའི་རང་རང་གི་ཕུགས་བསམ་གྱི་ཕྱོགས་ལ།

དཀའ་སྡུག་གི་ནམ་འཕང་གཅོད་བཞིན།

སྤྲིན་ནག་གི་ཡོལ་བ་གཏོར་བཞིན།

འོད་སྟོང་གི་མ་འོངས་འཚོལ་ཆེད།

ཤེས་རིག་གི་གོམ་སྟབས་འཇགས་མི་སྲིད་ལ།

སྙིང་སྟོབས་ཀྱི་དཔའ་ཡང་ཞུམ་མི་སྲིད།

ལམ་ནི་རྒྱང་ནས་རྒྱང་ལ་སྦྲེལ་ཡོད་པས།

བཀྲེས་སྐོམ་གྱི་ལམ་ཕྲན་གཅོད་པའི་རྒོད་པོ་ཚོ།

ནང་མི་ཡི་རྒྱན་ཆར་གྱུར་བའི་རྒོད་པོ་ཚོ།

མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་འཇུས་ཏེ།

རྒྱང་ཐག་རིང་བའི་སང་ཉིན་དང་མ་འོངས་ཀྱི་ཕྱོགས་ལ།

དཀའ་ཁག་གི་ལམ་བུ་རྒལ་བཞིན།

ས་རྡུལ་གྱི་མུན་པ་སེལ་བཞིན།

བདེ་སྐྱིད་ཀྱི་འཚོ་བ་སྙེག་ཆེད།

ཕུགས་འདུན་གྱི་གོམ་ཁ་ལྷོད་མི་སྲིད་ལ།

ཞི་འཇགས་ཀྱི་ངལ་བའང་གསོ་མི་སྲིད།

ལམ་ནི་ཕྱོགས་ནས་ཕྱོགས་སུ་འཐེན་ཡོད་པས།

གྲང་འཁྱག་གི་ལམ་ཕྲན་གཅོད་པའི་རྒོད་པོ་ཚོ།

མི་རིགས་ཀྱི་དད་མོས་ལྡན་པའི་རྒོད་པོ་ཚོ།

གཅིག་མཐུན་གྱི་འདུན་པ་གཞི་རྩར་བཅོས་ཏེ།

རང་རིགས་ཀྱི་སྐད་དང་ཡི་གེ་ཡི་ཕྱོགས་ལ།

དཀའ་སྤྱད་ཀྱི་བརྩོན་པ་བྱེད་བཞིན།

སྡུག་རྩུབ་ཀྱི་འགག་འཕྲང་གཏོར་བཞིན།།

རང་རིགས་ཀྱི་རིག་གནས་དར་ཆེད།

རྒོད་པོ་ཚོ་ཕྱིར་འཐེན་བྱེད་མི་སྲིད་ལ།

རྒོད་པོ་ཚོ་བློ་སེམས་ཡལ་མི་སྲིད།

འདི་ལྟར། རྒོད་པོ་ཚོ།

དབུགས་ཀྱི་རྒྱུ་བ་མ་ཆད་བར་དུ།

འགྱུར་མེད་ཀྱི་བློ་རྩ་དམ་དུ་སྦྲེལ་ནས།

གཡོ་མེད་ཀྱི་སེམས་པ་བརྟན་པོར་འགྱིང་ནས།

དུས་ནམ་ཡིན་ཡང་།

མདུན་ནས་མདུན་དུ་སྐྱོད་ཅིག།


  • ལེ་ཚན་སྔོན་མ།:ཐོལ་བྱུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།