བུད་མེད་ནི་འཚོ་བའི་ཉིན་སྲིབ་ན་ཡོད།

ཁམས་ཟླ་སྲས།        2024-03-11

           སྐྱིད་སྡུག་འཁོར་བའི་ལམ་ཕྲེང་བརྒལ་རོགས་ཡིན། །

འདང་ཆེན་སེམས་ཀྱི་གཏིང་གི་དྲན་པ་ཡིན། །

འཚོ་བའི་མེ་ལོང་ངོས་ཀྱི་ལྷ་མོ་ཡིན། །

བུད་མེད་མེ་ཏོག་དཀར་པོའི་ཚབ་མཚོན་ཡིན། །

སྣང་བའི་རླབས་རིས་འཁྲི་བའི་ཡང་སྟེང་ན། །

གཡུ་ཆུང་དྲུག་དཀར་རྙེད་པའི་ཆོ་འཕྲུལ་གྱིས། །

རིགས་ཞེན་ཟླ་བའི་སྲིང་མོ་ཚངས་སྲས་མས། །

ངག་རིག་དབྱངས་ཀྱི་མགུར་འདི་ཁྱེད་ལ་འཇོལ། །

འཛུམ་བཅོས་ཞལ་གྱི་གཟི་བྱིན་དགོས་དོན་མེད། །

ལྷན་སྐྱེས་རང་གཤིས་ངོམ་ན་དེས་ཆོག་མོད། །

མེ་ཏོག་དཀར་དམར་བཞད་པའི་སྤང་གཞུང་ན། །

ནམ་མཁའི་ལྷ་དང་འདྲ་བ་བུད་མེད་ཡིན། །

དངོས་ཡོད་འཚོ་བའི་འདུན་མ་ཁྱེད་ཀྱིས་སྲུང་། །

མ་འོངས་འབྱུང་འགྱུར་ལས་ལ་བསམ་གཞིག་ཐོངས། །

དཀར་གསལ་ཟླ་བའི་འོད་ཟེར་བསྙེམས་དང་ལྷན། །

གངས་ལྗོངས་ལུང་པའི་མཐའ་ནས་དགའ་བདེ་འཚོལ། །

ངེས་མེད་རྟོགས་པའི་འཕར་རྡེབ་དཀྲུག་དཀྲུག་ནས། །

ཚིག་གི་འོ་ཇ་བཏུང་བར་སུ་རྔམས་ཀྱང་། །

ཕྱག་ཟུང་པད་མའི་ཡལ་ག་རེ་རེའི་རྩེར། །

བརྗོད་པར་ཤིན་ཏུ་དཀའ་བའི་ལོ་རྒྱུས་མང་། །

ཁྱིམ་མཚེས་ལྐོག་ལབ་མ་བྱེད་འཇམ་འཇམ་བྱོས། །

རྒྱུས་མེད་སྐྱེས་པའི་ཆོ་ལོ་ཡག་ཅིག་མེད། །

རང་གི་ཕྲག་ལ་བབས་པའི་འཇིག་རྟེན་འདིར། །

བརྩེ་བའི་མི་དང་གཏན་དུ་འགྲོགས་རོགས་གནང་། །

གཉེན་ཉེ་ཉི་ཟླའི་ཚོགས་ཀྱི་གྲལ་བར་ནས། །

འཁོན་འཛིན་སྡང་བའི་གཞི་མ་མི་འཕེན་པར། །

བགྲེས་སོང་ཨ་ཡས་མ་དང་མཐུན་ནི་བྱོས། །

ཕྱི་ནང་མཛེས་སྡུག་ལྡན་པའི་ཁྱིམ་ཞིག་འཚོལ། །

ང་ཡི་སེམས་པ་འཁོར་ས་བུད་མེད་ཡིན། །

ང་ཡི་ལྟེ་ཁྲག་འཐོར་ས་བུད་མེད་ཡིན། །

ང་ཡི་བརྩེ་བའི་གྲོགས་པོ་བུད་མེད་ཡིན། །

ང་ཡི་མིག་ཟུང་འཆོར་ས་བུད་མེད་ཡིན། །

བུད་མེད་འཇིག་རྟེན་གྲོང་གི་ནོར་བུ་ཡིན། །

བུད་མེད་དགྱེས་འཛུམ་ཟླ་བའི་སྲུ་མོ་ཡིན། །

བུད་མེད་གནམ་སའི་བར་གྱི་ཕོ་ཉ་ཡིན། །



  • ལེ་ཚན་སྔོན་མ།:ས་དཔྱད་རྩ་ཚིག་ཞི་བདེ་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་སོ།།
  • ལེ་ཚན་རྗེས་མ།:ཡུམ་དྲན་ཡིད་ཀྱི་རོལ་དབྱངས།