རྒ་བཞིན་པའི་མ་ལོའི་གོམ་ཁ་འཁྱར་འཁྱོར།

སྒོ་སྤྲེལ་ངེས་དོན།        2024-03-11

            ཆུང་བྱིས་པའི་ལང་ཚོ་ལྕི་འདབས་ནས་ཡལ་ཞིང་།།

གཞོན་དར་མའི་རྣམ་དཔྱོད་འབྲོག་ལས་ལ་ཕུལ་ནས།།

ལོ་ཟླ་བའི་ཁུག་སོས་རྒ་བཞིན་པའི་ཨ་མ།།

དུས་དེ་རིང་ལྷག་ཏུ་དྲན་པ་འདི་ཚ་མོ།།

དབྱར་ཆར་ཆུ་ཞོད་པའི་ལྷས་ར་ན་འཁྱོར་ཞིང་།།

གཟུགས་ལང་ཚོ་རྒུད་ཅིང་རྐང་ལག་དག་སྦྲིད་རུང་།།

ལུས་ཆར་ལྭས་བཏུམས་ནས་བཞོན་མ་ལ་ཆས་པའི།།

དྲིན་མ་ལོ་དྲན་པའི་མིག་ཆུ་མུ་ཤོར་སོང་།།

དགུན་ཙག་རླུང་ཁ་བའི་འདབ་དྲུག་ན་འཁྱོར་ཞིང་།།

ངག་ཁ་འདོན་དགེ་སྦྱོར་ཕྱུགས་རྗེས་སུ་འཐེན་ཞོར།།

ལུས་འབྲལ་མེད་འཁར་བའི་རམ་འདེགས་ལ་རེ་བའི།།

དྲིན་མ་ལོ་དྲན་པས་སྨྱུག་ཁ་འདི་འཁྱུག་སོང་།།

སྟོན་སད་སེར་བ་མོའི་གྲང་ལྷགས་ན་འཁྱོར་ཞིང་།།

ལས་འགྲུབ་མེད་ཁྱིམ་ལས་ཙག་ཙིག་ལ་འབད་ནས།།

ཁྱིམ་བཟའ་ཚང་གང་བོའི་ལྟོ་རྒྱབ་ལ་འབད་པའི།།

དྲི་མ་ལོ་དྲན་པའི་གདུང་ཡུས་འདི་ཆེ་འོ།།

དཔྱིད་གསར་བྱུང་ལྗང་བུའི་གདན་སྟེང་ན་འཁྱོར་ཞིང་།།

ལུས་སུག་བཞིའི་ངང་གིས་དབྱར་རྩྭ་ལ་ཉུགས་ནས།།

ལག་སེར་ག་ཆེ་ལ་འཐེང་འགྲོས་ཀྱི་མ་རྒན།།

སྐུ་ལྷོད་ལ་བབས་པའི་ཁོམ་པ་འདི་མ་བྱུང་།།

དུས་དེ་རིང་གསུམ་པའི་ཚེས་བརྒྱད་ཀྱི་ཉིན་འདིར།།

ལྷོ་འཛམ་གླིང་བུད་མེད་དུས་ཆེན་དུ་འབོད་པས།།

བུ་ང་ཡིས་མི་ཡུལ་ས་མཐའ་ཡི་འདབས་ནས།།

དྲིན་མ་ལོ་ཁྱེད་ཉིད་སྐུ་བརྟན་པའི་སྨོན་ལམ།།



  • ལེ་ཚན་སྔོན་མ།:བརྩེ་བའི་ཨ་མ་ལགས།
  • ལེ་ཚན་རྗེས་མ།:ས་དཔྱད་རྩ་ཚིག་ཞི་བདེ་འབྱུང་བའི་དཔལ་ཞེས་བྱ་བ་བཞུགས་སོ།།