སྨོན་ཚིག་ཁ་བའི་མགྲིན་དབྱངས།

འོད།        2024-02-26

            ཀ་ཕྲེང་འཛུམ་དཀར་བརྡལ་བའི་ཤིས་ཚིག་གི་མེ་ཏོག །

ཁ་བའི་གནམ་ལོ་གསར་ཚེས་བཞིན་རས་ལ་གཏོར་ཏེ། །

ག་ལེར་དགའ་སྟོན་གསར་པའི་འོད་སྣང་གི་དབུ་ཁྱུད། །

ང་ཅག་གངས་ཅན་བོད་ཀྱི་ཡུལ་ལྗོངས་ལ་སྤྲོ་འོ། །

ཅ་ལག་ནོར་རྫས་རྣམ་ཐོས་སྲས་མཛོད་ལ་འགྲན་ཏེ། །

ཆ་མཐུན་སློབ་གསོའི་རྒྱན་ཆ་རང་རྒྱུད་ལ་སྤྲས་ནས། །

ཇ་ཐུད་མར་གསུམ་ཟས་ཀྱི་ནོར་གཡང་གི་ཁྲོད་ནས། །

ཉ་རྒྱས་ཟླ་བཞིན་གནམ་ལོ་གསར་ཚེས་ལ་རོལ་ཤོག །

ཏ་ཀུའི་འཁར་བར་རྟེན་པའི་རྒན་པ་སྐུ་ཚེ་རིང་། །

ཐ་དད་རིག་པའི་རྒྱུན་འཚོལ་སྐྱེས་བུ་ཡོངས་བློ་འཕེལ། །

ད་དུང་ཆར་ཆུ་དུས་འབབ་ལོ་ཕྱུགས་ཀྱི་དཔལ་མངའ། །

ན་ཆུང་བྱིས་ཀུན་དགའ་ཚལ་ཤེས་རིག་གི་འདབ་རྒྱས། །

པ་སངས་རབ་དཀར་སྐྱེས་མའི་འཇོ་སྒེག་གི་རྒྱུན་རིང་། །

ཕ་མེས་རིག་གཞུང་འཛིན་སྐྱོང་སྤེལ་མཛད་ཀྱི་དོན་ཤིས། །

བ་དན་ཇི་བཞིན་སྙན་པའི་མཁས་མཛངས་ཀྱིས་ས་གང་། །

མ་ཕམ་མཚོ་ལྟར་ཕུན་ཚོགས་དཔལ་ཀུན་གྱིས་ཁྱབ་ཤོག །

ཙ་ཀ་ལི་བཞིན་བཀྲ་ཤིས་རྟགས་བརྒྱད་ཀྱི་དཔལ་འབར། །

ཚ་གྲང་བསྙུན་རྣམས་ཉི་ཤར་བ་མོ་བཞིན་མཐར་སྤྱུགས། །

ཛ་དྲག་གཡུལ་ཟློག་འབྱུང་ལྔའི་འཇིགས་པ་རབ་ཞི་ནས། །

ཝ་ལེར་འཛམ་གླིང་དཀྱིལ་འཁོར་ཞི་བདེ་ལ་ལོངས་སྤྱོད། །

ཞ་སྨྱུག་ཤོག་དཀར་ཕུགས་འདུན་ལག་ཟུང་ལ་སྦྲེལ་ནས། །

ཟ་ཉལ་འབའ་ཞིག་མི་གཙང་གད་སྙིགས་ལྟར་དོར་ནས། །

འ་ཅག་གནམ་ལོ་གསར་ཚེས་སྐྱ་རེངས་ཀྱི་དབུ་འབྱེད། །

ཡ་རབས་དོན་འཁྱོལ་བྱ་བའི་དུས་ཚོད་དེས་བསུ་འགྲོ། །

ར་མ་ལུག་དང་རྟ་ནོར་ཕྱུགས་གཡང་གི་འཕེལ་ཁས། །

ལ་ལུང་བསིལ་ལྡན་ར་བའི་འབྱོར་བ་དེ་བརྟས་ཤིང་། །

ཤ་ཆང་གླུ་གར་རྒྱ་མཚོའི་རླབས་ཕྲེང་གི་རྩེ་དགས། །

ས་ཞིང་འབྲུ་ལྔས་མཛེས་པའི་རོང་ཡུལ་དེ་སྐྱིད་ཤོག །

ཧ་གོའི་དབྱངས་གསལ་རྩོམ་གྱི་འཇོ་སྒེག་གི་ཞལ་ནས། །

ཧ་ཅང་གནམ་ལོ་གསར་པའི་སྨོན་ཚིག་གི་འཛུམ་གྱིས། །

ཨ་ལ་སྣོད་བཅུད་དག་པར་བཀྲ་ཤིས་པའི་རྟེན་འབྲེལ། །

ཨ་ལོང་ཇི་བཞིན་སྨོན་འདུན་འབྲུག་ལོ་ཡིས་བསུ་ཤོག །



  • ལེ་ཚན་སྔོན་མ།:དྲན་པ་ནང་གི་ལྷ་མོ་ཞིག།
  • ལེ་ཚན་རྗེས་མ།:ཤིང་འབྲུག་ལོ་སར་སྨོན་ཚིག།