ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་གྲོས་ཚོགས་འདིའི་ཐོག་ནན་སྟོན་གནང་དོན།

    ཀྲུང་དབྱང་བོད་སྐད་རླུང་འཕྲིན།    2024-02-25

       སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་བསྡོམས་སྙན་ཞུ་དང་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་གནང་སྐབས་གསུང་བཤད་གལ་ཆེན་གནང་ནས། བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད།

རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཟམ་མི་ཆད་པར་གཏིང་ཟབ་སར་འདྲེན་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

2023ལོའི་ཟླ་4པ་ནས་བཟུང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་བརྗོད་གཙོའི་སློབ་གསོ་དེ་ཏང་ཡོངས་ཀྱི་གོང་ནས་འོག་ཏུ་ཁག་གཉིས་ལ་དབྱེ་ནས་སྤེལ་ཡོད། བརྗོད་དོན་གཙོ་བོའི་སློབ་གསོ་རྒྱལ་ཁའི་ངང་མཇུག་འགྲིལ་ཉེའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། བརྗོད་དོན་གཙོ་བོའི་སློབ་གསོར་ཐོབ་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཚང་མས་མུ་མཐུད་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་སེམས་ཤུགས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད། ལིའོ་ཉིང་ཞིང་ཨུད་རྩ་འཛུགས་པུའི་པུའུ་ཨུད་ཨུ་ཡོན་སུང་ཀྲེན་ཧྭ་ཡིས། ལག་ལེན་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་ཇུས་ཐག་བཅད་པ་ནི་མཁས་མཛངས་ལྡན་པ་དང་རྦད་དེ་ཡང་དག་པ་ཞིག་དང་། གང་དེ་བསམ་བློར་བརྟེན་ནས་ཏང་འཛུགས་སྐྱོང་དང་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་སྟོབས་ཆེར་གཏོང་བའི་ལེགས་གྲུབ་ལྡན་པའི་ལག་ལེན་དང་སྐུལ་འདེད་བཏང་བ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ང་ཚོས་ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་འགོ་འཛུགས་ས་གསར་པར་བྱས་ཐོག བྱེད་ཐབས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། ཕུགས་ཕན་གྱི་སྒྲིག་གཞི་བཙུགས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།

ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དེ་ལྟ་བུའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་པའི་རྩ་བ་ནི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་བཀོད་དང་། ཐད་ཀའི་དབུ་ཁྲིད། བརྒྱུད་རིམ་ཧྲིལ་པོའི་མཛུབ་སྟོན། དཔེ་སྟོན་སྣེ་ཁྲིད་བཅས་གནང་བས་རེད། ཧེ་ལུང་ཅང་ཞིང་ཆེན་ཧྲང་ཀྲེ་གྲོང་ཁྱེར་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་ཀྲང་མིང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ཧེ་ལུང་ཅང་དུ་རྟོག་ཞིབ་གནང་རིང་། བརྗོད་དོན་གཙོ་བོའི་སློབ་གསོ་ཇི་ལྟར་སྤེལ་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་སེམས་ལ་བརྟན་པོར་ངེས་པ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་གྱི་ལས་དོན་ལ་སྤུས་ཚད་མཐོ་པོའི་ངང་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་འགན་གལ་ཆེན་དུ་བརྩི་དགོས། དགུན་དུས་མ་སླེབས་གོང་། གྲོང་ཁྱེར་ཡོངས་སུ་གནོད་འཚེ་ཕོག་པའི་སྡོད་ཁང་4240བསྐྱར་སྐྲུན་བྱེད་པའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་སྟེ། གནོད་འཚེ་ཕོག་པའི་མང་ཚོགས་དུས་བཀག་ལྟར་སྡོད་ཁང་གསར་པའི་ནང་སྤོ་ཐུབ་ཅིང་། དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྐྱེལ་རྒྱུ་བྱུང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ངོས་ནས་བརྗོད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱུན་མཐུད་ལྔ”ཞེས་པ་ནན་སྟོན་གནང་བ་སྟེ། རྒྱུན་མཐུད་ངང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུར་ཤུགས་རྒྱག་པ་དང་། རྒྱུན་མཐུད་ངང་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱུན་མཐུད་ངང་སྤྱོད་ཚུལ་ལེགས་འགྱུར་བྱེད་པ། རྒྱུན་མཐུད་ངང་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་བ། རྒྱུན་མཐུད་ངང་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཡིན། དེ་དག་གིས་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཅང་ཞི་ཧྥུ་ཀྲོའུ་གྲོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ཀུང་ཧོང་གིས། ཧྥུ་ཀྲོའུ་གྲོང་ཁྱེར་གྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མང་ཚོགས་ཀྱི་ཛ་དྲག་ཆེ་བ་དང་། དཀའ་ཚེགས་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་བཅས་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་འགོ་འཛུགས་ས་དང་མཇུག་བསྡུ་སར་བྱས་ཏེ། མང་ཚོགས་ནས་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་མྱོང་ཚོར་ཐུབ་པ་བྱེད་དགོས། གོམ་སྟབས་རྗེས་མར་ང་ཚོས་ལས་ཞུགས་དང་། སློབ་གསོ། སྨན་བཅོས། རྒན་གསོ་སོགས་ཀྱི་དོ་ཁུར་ཆེ་བའི་གནད་དོན་ཐོག་གཅིག་སྡུད་བྱེད་པ་དང་། རྒྱུན་མཐུད་ངང་དྲ་ཐོག་ཏུ་ཡི་གེ་འཇོག་པ་དང་། དྲ་འོག་ཏུ་སེམས་ཁྲལ་སེལ་བའི་དམངས་ཕན་ཞབས་ཞུའི་ལག་ལེན་བྱེད་སྒོ་སྤེལ་ཏེ། མི་དམངས་མང་ཚོགས་ནས་གནད་དོན་ཐག་གཅོད་བྱས་པའི་ཕན་འབྲས་ངོ་མ་ཚོར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཧྥུ་ཅན་ཞིང་ཆེན་སན་མིང་གྲོང་ཁྱེར་ཞ་མའོ་གྲོང་རྡལ་ཡུས་པང་གྲོང་ཚོའི་ཏང་ཀྲེ་པུའི་ཧྲུའུ་ཅི་ཀྲང་ཁྲང་སུང་གིས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནས་བཟུང་།  ང་རང་གིས་མི་དམངས་ཀྱི་གལ་ཆེའི་རང་བཞིན་ལ་མྱོང་ཚོར་ཟབ་མོ་བྱུང་། ལྷག་པར་དུ་གཞི་རིམ་དང་གྲོང་གསེབ་ཀྱི་ངོས་ནས་བརྗོད་ན་དམངས་ཀྱི་རེ་བ་དང་བསྟུན་དགོས། ང་ཚོས་ད་དུང་སྔར་རྒྱུན་བཞིན་ཐོག་མའི་བསམ་འདུན་དང་། བརྟན་སེམས། ཡིད་ཆེས་བཅས་སྐྱེད་སྲིང་བྱེད་པ་དང་། བསམ་པའི་ཉམས་འགྱུར་དེ་བས་ཆེ་བའི་ཐོག་ནས་རང་འཁྲིའི་ལས་ཀ་ཡག་པོ་བསྒྲུབས་ཏེ། བརྗོད་དོན་གཙོ་བོའི་སློབ་གསོས་རྒྱུན་སྲིང་གི་ཕན་ནུས་ཐོན་པ་བྱེད་དགོས་ཞེས་གསུངས་ཡོད།

2024ལོ་ནི“ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི”དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་ལོ་ཡིན། ཚང་མས། བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་བཏང་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཉིད་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། ཧོ་ནན་ཤིན་ཤང་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་མེང་ཆན་གྱིས། རྒྱལ་ཁབ་རིམ་པའི་མཐོ་གསར་ཁུལ་དང་ཀྲེང་ལུའོ་ཤིན་རྒྱལ་ཁབ་རང་བརྟེན་གསར་གཏོད་དཔེ་སྟོན་ཁུལ་གྱི་ཤིན་ཤང་ཡུག་འབྲེལ་གྱི་ལྟེ་བའི་ཁུལ་ཡིན་པའི་ངོས་ནས། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་རྒྱུན་རྣམ་ཕུགས་ཕན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་།  དཔལ་འབྱོར་གོང་འཕེལ་གྱི་ཨང་དང་པོ་དང་། གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་ལྡན་པ།  གཙོ་ཁྲིད་ཐོན་ལས་གཅིག་སྡུད་ཐུབ་པ། ཁེ་ལས་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་པ་བཅས་བཞི་པོ་མངོན་འགྱུར་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་གློག་རླངས་ཅན་ཅུས་ཚོགས་པའི་ཧྲེན་ཀྲེན་ས་འོག་ལྕགས་ལམ་ལམ་ཐིག་16པའི་དུས་ཐེངས་གཉིས་པའི་རྣམ་གྲངས་པུའི་རྒྱུན་ལས་སྤྱི་གཉེར་གཞོན་པ་ལིའོ་དབྱང་ཁྲུན་གྱིས། བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་བྱས་པ་བརྒྱུད། ལས་ཀའི་ཁྲོད་ངེས་པར་དུ་དཀའ་སྤྱད་སྙིང་རུས་དང་དངོས་འཛིན་དངོས་སྒྲུབ་ཐུབ་པར་བྱེད་དགོས་པའི་མྱོང་ཚོར་ཟབ་མོ་བྱུང་། ན་གཞོན་ཏང་ཡོན་ཞིག་ཡིན་པའི་ངོས་ནས། ང་རང་གིས་ཨར་སྐྲུན་གྱི་འཐབ་ས་དང་པོ་བརྟན་སྲུང་བྱེད་པ་དང་རྩེར་སོན་ལས་གྲྭ་གཏོད་དེ་ཡུའེ་ཀང་ཨའོ་ཁུག་པ་ཆེ་མོའི་ཁུལ་གྱི་གྲོང་ཁྱེར་གྱི་འཁོར་ལམ་འགྲིམ་འགྲུལ་འཛུགས་སྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད། །


  • ལེ་ཚན་སྔོན་མ།:ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད22རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་ནས་ལག་བསྟར་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།