སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ།

    མི་དམངས་ཉིན་རེའི་ཚགས་པར།    2024-03-12



སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་གནང་བ། 


གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ། 


ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ།

ཀྲའོ་ལེ་ཅི་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ།


སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་དུ་གྲོལ་བ།

སྤྱི་ཟླ3ཚེས11ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ།


     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ3ཚེས11ཉིན་གློག་འཕྲིན་འབྱོར་གསལ། ཚེས11ཉིན་གྱི་ཕྱི་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་རྗེས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གྲོལ་བ་རེད། ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སོགས་ལ་ཆོག་མཆན་སྤྲད་པ་རེད། ཚོགས་ཆེན་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་ཨང21པར་མཚན་རྟགས་བཀོད་ནས་ཁྱབ་བསྒྲགས་གནང་བ་རེད།


     ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་མཇུག་འགྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཤའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཧའོ་མིང་ཅིན། ཚའེ་ཏ་ཧྥུང་། ཧོ་ཝེ། ཝུའུ་ཝུའེ་ཧྭ། ཐེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞུའེ་ཁེ་ལའེ་ཐི·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།


     ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆར་བཞུགས་ཡོད་པ་རེད།


     ཚོགས་འདུར་ཕེབས་དགོས་པའི་འཐུས་མི2956ཡོད་ཅིང་། དངོས་སུ་འཐུས་མི2900ཕེབས་ཡོད་པ་དང་། འཐུས་མི56ཕེབས་ཐུབ་མེད། ཚོགས་འདུར་ཕེབས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།


     ཕྱི་དྲོའི་ཆུ་ཚོད3པར། ཀྲའོ་ལེ་ཅི་ཡིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།


     ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། གྲོས་ཆོད་ནང་བསྟན་དོན། ཚོགས་འདུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི2024ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་། སྲིད་ཇུས་ཀྱི་བླང་ཕྱོགས། ལས་ཀའི་ལས་འགན་བཅས་ལ་མོས་མཐུན་བྱས་པ། སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།


     ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། གསར་དུ་བཟོ་བཅོས་བརྒྱབ་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྩ་འཛུགས་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་བ་རེད། བཅའ་ཁྲིམས་དེ་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད།


     ཚོགས་འདུར2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2023ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིར་ཆོག་མཆན་སྤྲད་པ། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ། 2023ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2024ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། 2024ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་སྤྲད་པ་རེད།


     ཚོགས་འདུར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཞིང་། གྲོས་ཆོད་ནང་བསྟན་དོན། ཚོགས་འདུར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་རིང་གི་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་པ་དང་། སྙན་སྒྲོན་ནང་བཏོན་པའི་སླད་ཕྱིན་ལོ་གཅིག་རིང་གི་ལས་འགན་ལ་མོས་མཐུན་བྱས་ནས། སྙན་སྒྲོན་དེར་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།


     ཚོགས་འདུར་བརྡས་ཐག་བཅད་པ་བརྒྱུད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་ལ་གྲོས་འཆམ་བྱས་པ་དང་སྙན་སྒྲོན་དེ་གཉིས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ་རེད།


     དེ་རྗེས་ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་ཞིང་། ཁོང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། འཐུས་མི་ཡོངས་དང་འབྲེལ་ཡོད་ཕྱོགས་ཀྱི་ཐུན་མོང་འབད་བརྩོན་འོག ཚོགས་འདུ་ཐུགས་གྲ་ལེགས་འགྲིག་བྱུང་ནས་ངོས་འཛིན་གཅིག་མཐུན་དང་། ལས་འགན་ཁ་གསལ། ཡིད་ཆེས་བརྟན་པོ་བཅས་བྱུང་ཡོད། དེ་ནི་དར་ཆ་མཐོན་སྒྲེང་དང་། དམ་པ་དོན་གཉེར། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད་ཅེས་གསུངས་པ་རེད།


     ཀྲའོ་ལེ་ཅི་ཡིས་བསྟན་དོན། ཚོགས་ཆེན་ཚོགས་རིང་། འཐུས་མི་ཚོས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་འཁུར་ནས། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་གནང་བ་དང་། སྙན་སྒྲོན་དང་གྲོས་འཆར་ཁག་ལ་གྲོས་ཞིབ་ནན་ཏན་གནང་ཡོད། ཚོགས་འདུའི་གྲུབ་འབྲས་ཐོག་ནས་ཏང་གི་འདོད་ཚུལ་དང་མི་དམངས་ཀྱི་འདོད་བློ་གཅིག་གྱུར་གང་ལེགས་བྱུང་བ་མཚོན་ཡོད་ལ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དང་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཡང་མངོན་ཡོད།


     ཀྲའོ་ལེ་ཅི་ཡིས་གསུངས་དོན། འདི་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཞིག་རེད་ལ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བློ་གཅིག་སེམས་གཅིག་དང་། སེམས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་འབད་འཐབ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ། མི་དམངས་ཀྱི་བསམ་འདུན་དང་། བཏོད་པའི་ཉམས་མྱོང་། དབང་བའི་དབང་ཆ། བཏོན་པའི་ནུས་པ་བཅས་ལ་བརྩི་འཇོག་གང་ལེགས་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། དམ་པ་དོན་གཉེར་དང་། དངོས་འཛིན་དངོས་སྒྲུབ། འགག་སྒྲོལ་དཀའ་སེལ། སྒྲུབ་མཁས་ལ་རྗེས་ཐོན་པ་བཅས་བྱས་ནས་དཀའ་ངལ་རེ་རེ་བཞིན་ཁྱད་བསད་ཧུར་ཐག་བྱེད་པ་དང་། བྱ་བ་དངོས་རེ་རེ་བཞིན་ཡག་པོ་སྒྲུབ་པ། ལས་འགན་རེ་རེ་བཞིན་ལེགས་སྒྲུབ་བཅས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་བྱེད་རིང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱེད་དགོས།


    ཀྲའོ་ལེ་ཅི་ཡིས་མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་གཏོད་རིང་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད། དེས་ན་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་ཀྱིས་ཀུན་སེམས་གཅིག་སྒྲིལ་དང་འབད་འཐབ་ཡར་བརྩོན་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་བསྟན་གནང་བ་རེད།


     ཕྱི་དྲོའི་ཆུ་ཚོད3དང་སྐར་མ31ལ་ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་གཉིས་པ་གྲོལ་བའི་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་གྲོལ་བ་རེད།

  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས་ཀློག་དེབ》དེབ་དང་པོ་དང་གཉིས་པའི་དབྱིན་ཡིག་དཔར་མ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།