སྒོར་མོའི་འཇིག་རྟེན།

འཇོ་མདའ་པདྨ།        2024-03-13

           སྒོར་མོའི་དོན་དུ་གཉེན་ཉེའི་འདང་བརྩེ་འཐོར།།

སྒོར་མོའི་ཆེད་དུ་གྲོགས་ཀྱི་རང་གཤིས་བོར།།

སྒོར་མོའི་སླད་དུ་བཟའ་ཟླའི་གསང་བ་ཤོར།།

སྒོར་སྒོར་འཇིག་རྟེན་སྒོར་མོས་ཁ་ལོ་བསྒྱུར།།

སྒོར་མོའི་བྲན་དུ་མི་ཚོགས་ཕལ་ཆེར་གྱུར།།

སྒོར་མོ་འདི་ཡིས་སྟོན་པའི་བསྟན་པ་གཤིག།

སྒོར་མོ་འདི་ཡིས་འཇིག་རྟེན་ལུགས་བཟང་འཕུང་།།

སྒོར་མོ་འདི་ཡིས་ཆོས་སྲིད་གཉིས་ཀ་བརླག།

སྒོར་མོའི་ཀློང་ནས་མཛེས་མའི་རང་ཚུགས་མཐོང་།།

སྒོར་མོའི་ཁྲོད་ནས་སྐྱེས་པའི་ལ་རྒྱ་རིག།

སྒོར་མོའི་རྩིབ་ནས་དཔོན་གྱི་ཆེ་མདོག་ཤོར།།

སྒོར་མོ་འདི་ལ་ཆོ་འཕྲུལ་ཅི་ཡང་འཛོམས།།

སྒོར་མོའི་རླབས་ཀྱིས་བླ་ངན་སྙིང་ཁམས་དཀྲུག།

སྒོར་མོའི་ཟེར་གྱིས་མི་ངན་ཤ་རུས་འཐག།

སྒོར་མོའི་མཐུ་ཡིས་སྤྱི་ཚོགས་ཡོམ་ཡོམ་སྒུལ།།

སྒོར་མོའི་བརྗིད་ཉམས་གནམ་སའི་བར་དུ་འགྱིང་།།

སྒོར་མོ་ཁྱོད་འདི་ལག་ཏུ་སོན་རྒྱུ་དཀའ།།

སྒོར་མོ་ཁྱོད་འདི་ལག་ནས་ཤོར་བར་མྱུར།།

སྒོར་མོ་ཁྱོད་འདིས་ཁ་ལག་ངན་ལང་གཏོང་།།

སྒོར་མོ་ཁྱོད་ལ་ཡག་རྒྱུ་ཅི་ཡང་མེད།།

སྒོར་མོ་འཚོལ་མཁན་གྲོག་མ་བཞིན་དུ་མང་།།

སྒོར་མོ་རྙེད་མཁན་ཉིན་སྐར་ལྟར་དུ་ཉུང་།།

སྒོར་མོ་རག་ཕྱིར་རྙོག་འཛིང་འཐབ་རར་ཞུགས།།

སྒོར་མོ་འཐོབ་ཆེད་བྲེལ་ཟིང་འཚོ་བར་ཚུད།།

སྒོར་མོ་ཟེར་བ་སེམས་ཀྱི་ཁུར་པོ་ཞིག།

སྒོར་མོ་ཟེར་བ་ཚེ་ཡི་གཤེད་མ་ཞིག།

སྒོར་མོ་ཟེར་བ་སྲོག་གི་བདག་པོ་ཞིག།

སྒོར་མོ་ཟེར་བ་མ་རུང་ལྟས་ངན་ཞིག།

སྒོར་མོ་རིག་ན་ཕ་མ་རྒྱབ་ཏུ་བསྐྱུར།།

སྒོར་མོ་ལོན་ན་བུ་ཕྲུག་ཡིན་ཡང་འདོར།།

སྒོར་མོ་མེད་ཚེ་སྤྲང་པོ་ཡིན་ཞེས་སྒྲོག།

སྒོར་མོའི་ཀློང་དུ་ཡོད་ཚད་ཚུད་དེ་འདུག།

སྒོར་མོ་འདི་ཡིས་བྱས་པ་བརྗོད་དུ་མེད།།

སྒོར་མོ་འདི་ཡི་ནུས་པ་བསམ་མི་ཁྱབ།།

སྒོར་མོ་འདི་ལ་རྣམ་ཤེས་ཁྲི་འབུམ་འཁོར།།

སྒོར་མོ་མེད་ན་མི་ཚོགས་འཚོ་ཐབས་བྲལ།།


  • ལེ་ཚན་སྔོན་མ།:ང་ལ་མཚོན་ན།
  • ལེ་ཚན་རྗེས་མ།:ཐོལ་བྱུང་།