སྨན་པ་བཟང་པོ་དར་རྩེ་མདོ་ལ་ཕེབས།། ཞིང་འབྲོག་མང་ཚོགས་ནད་ཀྱི་སྡུག་ལས་གྲོལ།།

( མིག་དམར་དོན་གྲུབ་ཀྱིས་བསྒྱུར།)        2024-03-15

སྨན་པ་བཟང་པོ་དར་རྩེ་མདོ་ལ་ཕེབས།། ཞིང་འབྲོག་མང་ཚོགས་ནད་ཀྱི་སྡུག་ལས་གྲོལ།།

ཁ་གཏད་རོགས་སྐྱོར་གྱི་ལས་དོན་ནི་དམངས་འཚོའི་འདུ་འགོད་ཅིག་ཡིན་ལ་དམངས་སེམས་ཀྱི་འདུ་འགོད་ཅིག་ཀྱང་རེད། དེ་ལས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་སྨན་པ་བཟང་པོ་དེ་བས་མང་དུ་ཕྱིན་ནས་འབྲོག་ཁུལ་དུ་སྨན་བཅོས་དང་སྨན་རྫས་དཀོན་པའི་ལག་རྩལ་གྱི་དཀའ་གནད་ནུས་ལྡན་ངང་ཞི་ལྷོད་དུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཚོར་སྨན་བཅོས་དམངས་ཕན་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་།

ཀྲེ་ཅང་གིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་དང་དར་མདོ་གྲོང་ཁྱེར་བར་འབྲེལ་བ་བཙུགས་ཤིང་། ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པ་དང་ཞའོ་ཧྲན་ཆུས་རྒྱ་ལུགས་སྨན་ཁང་གི་ཆེད་མཁས་ཚོགས་པས་རྒྱུན་མཐུད་ངང་སྨན་བཅོས་ཀྱི་ཞན་ཆ་ལ་དམིགས་ཏེ་རང་མོས་ངང་མཉམ་འདྲེས་དང་རོགས་སྐྱོར་བྱས་ནས་རྣམ་གྲངས་འཛུགས་སྐྲུན་དང་། མ་དངུལ་རོགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་། ལག་རྩལ་མཛུབ་ཁྲིད་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ད་སྔའི་བར་གོང་གསལ་གྱི་སྨན་ཁང་གཉིས་ཀྱི་ཆེད་མཁས21དར་མདོ་གྲོང་ཁྱེར་གྱི་རིམ་ཁག་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ལས་ཀ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་བྱས་རྗེས་མངོན་གསལ་དོད་པོ་ཕུལ་ཡོད་ཅིང་། ཁ་གཏད་རོགས་སྐྱོར་གྱི་སྨན་བཅོས་རོགས་སྐྱོར་ལས་དོན་རྒྱུན་ཆད་མེད་པར་མདུན་དུ་འཕེལ་རྒྱས་ཡག་པོ་ཕྱིན་ནས“འགྱུར་ལྡོག་གསུམ”གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

མེད་པ་ནས་ཡོད་པར་བྱས་ཏེ་སྨན་བཅོས་ལག་རྩལ་གྱི་སྟོང་ཆ་བསྐངས།

སྒུལ་བདེའི་བདེ་ཐང་བརྟག་དཔྱད་རླངས་འཁོར་ཉོ་བ་དང་རྒྱ་ལུགས་གསོ་རིག་གི་བྱིས་པའི་ཚན་ཁག་གི་ཆེད་མཁས་མངགས་ནས་བཅའ་སྡོད་རོགས་སྐྱོར་བྱས་པ་དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ཀ་རིམ་པའི་མི་རིགས་སྨན་ཁང་ཞེས་པ་བསྐྲུན་ཏེ“ཉིན་དགུང་རེས་མོ་སྒོ་བསྟེན་གཉེར་བ”དང་། ”“མི་ཚེའི་སྒལ་ཚིག་བསྐྱར་བཟོ་བྱེད་པ”འགོ་བཙུགས། གཟི་བརྗིད་དང་བདེ་ཐང་གཅེས་སྐྱོང་ཐེབས་རྩའི་རྣམ་གྲངས་ལག་བསྟར་བྱེད་པ། “ཞའོ་ལུ་ཏན”བྱིས་པའི་ནད་གཞི་ལྕི་པོའི་རོགས་སྐྱོབ་རྣམ་གྲངས་ལག་བསྟར་བྱེད་པ་སོགས་དར་མདོ་གྲོང་ཁྱེར་མི་རིགས་སྨན་ཁང་གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་དང་ཕན་འབྲས་རེ་རེ་ནི་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་ཀྱི་ཁ་གཏད་རོགས་སྐྱོར་བྱས་པ་ལས་མ་འདས།

2021ལོར་དར་མདོ་གྲོང་ཁྱེར་མི་རིགས་སྨན་ཁང་དང་ཞའོ་ཧྲན་ཆུས་ཀྱི་རྒྱ་ལུགས་སྨན་ཁང་བར་ཆ་སྒྲིག་འབྲེལ་བ་བཙུགས་ནས་རོགས་སྐྱོར་ཚོགས་པའི་རྒྱབ་ཕྱོགས་ཐོན་ཁུངས་དང་ལག་རྩལ་འདེགས་སྐྱོར་ལ་བརྟེན་ནས་སྨན་ཁང་དེའི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ནས་སྨན་ཁང་དོ་དམ་དང་རིག་ཚན་འཛུགས་སྐྱོང་། མི་སྣ་གསོ་སྦྱོང་མཛུབ་ཁྲིད་སོགས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ་ལག་རྩལ་གསར་པ་དང་ལས་སྒོ་གསར་པ་ཁྱབ་གདལ་དང་ཆེད་ལས་ཚན་ཁག་གསར་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། སྔོན་ཐོན་གྱི་སྨན་བཅོས་སྒྲིག་ཆས་ནང་འདྲེན་ཤུགས་ཆེན་བྱས་ཏེ་སྨན་བཅོས་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེར་བཏང་བ་དང་ས་མཐོའི་སྨན་བཅོས་ཀྱི་ཁྱད་ཆོས་ལྡན་པའི་སྨན་ཁང་འཕེལ་རྒྱས་གཏོང་སྟངས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཆགས་པ་དང་ཕྱོགས་བསྡུས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ཞིང་། ད་སྔའི་བར་ཞའོ་ཧྲན་ཆུས་རྒྱ་ལུགས་སྨན་ཁང་གིས་རིམ་རྩིས་བྱས་ན་ཆེད་མཁས8བཏང་ནས་སྨན་བཅོས་རོགས་སྐྱོར་ལས་དོན་སྤེལ་བ་དང་དེའི་ཆེད་ལས་ནང་དྲག་སྐྱེད་ཁོའོ་དང་རྒྱ་ལུགས་གསོ་རིག་བྱིས་པའི་ཚན་ཁག། སྒྲིག་ཆས་ཚན་ཁག། ཆ་འཕྲིན་ཚན་ཁག། ICUསོགས་ཚུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཞའོ་ཧྲན་ཆུས་རྒྱ་ལུགས་སྨན་ཁང་གི་ས་ཚུགས་སུ་བཅའ་སྡོད་རོགས་སྐྱོར་ཆེད་མཁས་ཀྱིས་སྨན་ཁང་དེའི་དྲག་སྐྱེད་ཚན་ཁག་གི་སྨན་བཅོས་ལག་རྩལ་ཞབས་ཞུའི་གནས་ཚུལ་དངོས་ལ་གཞིགས་པ་དང་འབྲེལ་དྲག་སྐྱེད་ཚན་ཁག་གི་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རྒྱ་ལུགས་གསོ་རིག་གི་དྲག་སྐྱེད་སྨན་བཅོས་ལག་རྩལ་གསོ་སྦྱོང་འཆར་གཞི་ཞིབ་ཕྲ་བཟོས་ནས་དྲག་སྐྱེད་སྨན་པ་དཀའ་བཅུ་པའི་སྨན་བཅོས་ལག་རྩལ་ཆུ་ཚད་དང་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། དེ་དང་ཆབས་ཅིག་བདེ་ཐང་སླར་གསོའི་ཚན་ཁག་ལ་དྲོད་ལྡན་གསེར་ཁབ་ཀྱི་མཇིང་ཚིགས་ནད་དང་། རང་བཟོས་སྨན་གྱི་གསང་དམིགས་ལ་སྦྱར་ནས་ཚིགས་ནད་བཅོས་པ་དང་། རྨ་མེད་འཕྲུལ་ཆས་ཀྱི་རླུང་འཕྲིན། ཉལ་ཁྲིའི་འགྲམ་གྱི་སྙིང་གི་གློག་རིས་སོགས་ལག་རྩལ་གསར་པ་དང་རྣམ་གྲངས་གསར་པ4ལ་མཛུབ་ཁྲིད་དང་རོགས་རམ་བྱས་པ་རེད།

2022ལོར་ཞའོ་ཧྲན་ཆུས་རྒྱ་ལུགས་སྨན་ཁང་གིས་སྣེ་ཁྲིད་ནས“མི་ཚེའི་སྒལ་ཚིགས་བསྐྱར་དུ་བཟོ”ཞེས་པའི་རུང་ཧྲེང་བདེ་ཐང་གཅེས་སྐྱོང་ཐེབས་རྩའི་རྣམ་གྲངས་ལག་ལེན་བསྟར་ཞིང་། གཤགས་བཅོས་བྱས་པ་དང་འཚམ་པའི་སྒལ་གཞུང་ཡ་མ་གཟུགས་ཅན་ལ་རིན་མེད་ཀྱི་སྒལ་ཚིགས་གཤགས་བཅོས་བྱས་པ་དང་། ད་སྔའི་བར་རིམ་རྩིས་བྱས་ན་སྒལ་ཚིགས་ཡ་མ་གཟུགས་གཤགས་བཅོས་བྱེད་མཁན་མི་ཐེངས10ལ་གཤགས་བཅོས་བྱས་པར་སྨན་རིན་སྒོར་ཁྲི50.46ཉུང་དུ་བཏང་ཡོད་པ་རེད།

ད་ལོའི་ཟླ་བ5པར་ཀྲེ་ཅང་གི་རོགས་སྐྲུན་རྣམ་གྲངས་ཀྱི་རྒྱབ་སྐྱོར་འོག་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི་མྱུར་བསྟེན་མྱུར་སྐྱོབ་ནུས་པ་མཐོ་རུ་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཤིང་། ཟླ་བ9པར་ལས་མཇུག་གྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི236བཏང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། སྨན་ཁང་དེས་དེང་རབས་ཅན་གྱི་མྱུར་བསྟེན་མྱུར་སྐྱོབ་ཀྱི་དགོས་མཁོ་སྐོང་ཆེད་ད་ཡོད་ཀྱི་མྱུར་སྐྱོབ་ཚན་ཁག་ལ་བརྒྱུད་རིམ་དང་བཀོད་སྒྲིག་ཐད་ལུགས་མཐུན་ངང་བསྒྱུར་བཀོད་བྱས་ནས་སྨན་བཅོས་བྱ་ཡུལ་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དུ་སྤོས་ནས་སྨན་བཅོས་ཀྱི་ལས་ཕྱོད་དང་ནད་པར་སྨན་བཅོས་བྱེད་པའི་ཉམས་ལེན་མང་དུ་བཏང་ཡོད། གཞན་ཡངEICUམང་དུ་བཏང་བ་དང་ལྟ་ཞིབ་བྱེད་ས་ཆེ་རུ་བཏང་བ་དེས་ནད་ཁྲི་མི་འདང་བའི་དབང་གིས་ནད་པ་ཉེན་ཆེ་ཐུ་མོ་རྣམས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་དཀའ་བའི་གནས་ཚུལ་ཞི་ལྷོད་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་སྨན་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏང་ཆེད། རྨ་མེད་འབྱིན་རྔུབ་འཕྲུལ་ཆས་དང་འདར་སེལ་ལྟ་སྐྱོང་ཡོ་བྱད། སྐམ་རློན་དབྱེ་འབྱེད་ཀྱི་དཔུང་གཅིག་འདེགས་པའི་སྒྲོམ་བུ། ནུས་མང་མྱུར་སྐྱོབ་སྟེགས་བུ། སྦྲིད་སྨན་འཕྲུལ་འཁོར། ཕོ་བ་འཁྲུ་བའི་འཕྲུལ་འཁོར། ཉལ་ཁྲིའི་འགྲམ་གྱི་ཁྲག་རླུང་དབྱེ་ཞིབ་ཡོ་བྱད་སོགས་སྔོན་ཐོན་ཡོ་བྱད་སྒྲིག་སྦྱོར་དང་གསར་བརྗེས་བྱས་པ་རེད།  ད་ལྟ་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྐྱོད་སྐབས་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་སྨན་ཁང་དང་གོ་རིམ་ལྡན་པའི་སྒྲིག་ལམ་ལས་སྨན་ཁང་གི་རྣམ་པ་གསར་པ་མངོན་གྱི་ཡོད།

ཉུང་བ་ནས་མང་བར་བཏང་སྟེ་ས་གནས་རང་གི་ཤེས་ལྡན་མི་སྣའི་ཞན་ཆ་གསབ།

2021ལོར་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པ་དང་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པས《ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་པ་དང་མཉམ་ལས་བྱེད་ཡུན་ལོ་གསུམ་ཡིན། ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པས་ཤེས་ལྡན་མི་སྣའི་གསོ་སྦྱོང་དང་ཆེད་མཁས་ཀྱི་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་སྨན་བཅོས་ཞབས་ཞུའི་འདུ་ཤེས་དང་ཞབས་ཞུའི་སྤུས་ཚད། ཞབས་ཞུའི་ནུས་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ཆུ་ཚད། གཉེར་སྐྱོང་དོ་དམ་ཆུ་ཚད་བཅས་རིམ་བཞིན་མཐོ་རུ་བཏང་ནས་ཞབས་ཞུའི་ནུས་པ“ཨང་རིམ་གཉིས་པའི་ཚད་རིམ་དང་པོའི་ཕྱོགས་བསྡུས་སྨན་ཁང”གི་གཞི་རྩའི་ཚད་གཞིར་བསླེབ་རྒྱུར་སྐུལ་འདེད་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། དར་མདོ་ཡོད་པ་ནས་ལེགས་པར་བསྒྱུར་ཏེ་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཐག་སྦྲེལ།

གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ་ལ་ཁ་གཏད་རོགས་སྐྱོར་གྱི་རོགས་སྐྱོར་སྨན་ཁང་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་རྒྱ་ལུགས་སྨན་ཁང་དང་ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་ཐུན་མོང་ཚོགས་པའི་སྤྱི་སྨན་ཁང་གི་ཕུའུ་དབྱང་ཡན་ལག་སྨན་ཁང་། ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པའི་སྨན་བཅོས་ཐུན་མོང་ཚོགས་པའི་སྤྱི་སྨན་ཁང་གི་དབྱི་ཆའོ་ཡན་ལག་སྨན་ཁང་། ཧང་ཀྲོའུ་གྲོང་ཁྱེར་ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པ་བཅས་ཚུད་པའི་ཁ་གཏད་རོགས་སྐྱོར་གྱི་འབྲེལ་བ་བཙུགས། ཁ་གཏད་རོགས་སྐྱོར་སྨན་ཁང་གིས“གཞན་བརྟེན”དང“རང་བརྟེན”གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྔ་རྗེས་སུ་སྨན་བཅོས་ཆེད་མཁས12སྒྲིག་འཛུགས་བྱས་ནས་སྨན་བཅོས་རོགས་སྐྱོར་ལས་དོན་ནང་ཞུགས་ཏེ་གཙོ་གནད་ཆེད་ལས་ཚན་ཁག་བཏོད་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་། སྨན་བཅོས་ཞབས་ཞུའི་ནུས་པ་སོགས་ཀྱི་ཐད་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་བདེ་ཐང་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།ད་སྔའི་བར་སྨན་བཅོས་རོགས་སྐྱོར་ཆེད་མཁས་དར་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པར་ཁྱོན་བསྡོམས་ཐེངས39དང་མིའི་ཐེངས་གྲངས2330ལ་གསོ་སྦྱོང་བྱས་པ་དང་། སྨན་ཁང་དེའི་དོ་དམ་མི་སྣ་སྒྲིག་འཛུགས་བྱས་ནས་ཞའོ་ཧྲན་ཆུས་སུ་བསྐྱོད་དེ་མི་ཐེངས18ལ་སློབ་སྦྱོང་དང་སྤེལ་རེས་བྱས། སྨན་ཁང་དེའི་སྨན་པ་གཉིས་ཀྲེ་ཅང་སློབ་ཆེན་གསོ་རིག་སློབ་གླིང་གི་ཞོར་གཏོགས་བུ་བཙའི་ཚན་ཁག་གི་སྨན་ཁང་དང་ཞའོ་ཧྲན་ཆུས་མི་དམངས་སྨན་ཁང་གསུམ་པར་ཟབ་སྦྱོང་སློབ་སྦྱོང་བྱེད་པར་མངགས། འོས་འགན་སྨན་བཅོས་ཀྱི་བྱེད་སྒོ་ཐེངས6སྤེལ་ནས་ཞིང་འབྲོག་མང་ཚོགས་མི་ཐེངས566ལ་ཞབས་འདེགས་ཞུས་ཡོད། “གཞི་རིམ་དུ་སྐྱོད་པ་དང་གྲོང་གསེབ་ཏུ་སྐྱོད་པ། ཁྱིམ་དུ་སྐྱོད་པ”བཅས་བྱས་པ་བརྒྱུད་གཞི་རིམ་ལ་མཁོ་བའི་སྨན་བཅོས་དང་འཚམ་པའི་ལག་རྩལ་ཁྱབ་གདལ་བཏང་བ་དང་གཅོང་ནད་སྨན་བཅོས། བདེ་ཐང་ཡིག་ཚགས་དོ་དམ་སོགས་ཀྱི་རོགས་སྐྱོར་ལས་དོན་སྤེལ་བས་དར་མདོ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་པ་རེད།

ཉེ་བའི་ལོ་ཤས་རིང་། དར་མདོ་གྲོང་ཁྱེར་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཤིང་། རོགས་སྐྱོར་ཚན་པ་དང་འབྲེལ་གཏུག་བྱ་རྒྱུར་མུ་མཐུད་ཤུགས་བསྣན་ཏེ། རོགས་སྐྱོར་ཆེད་མཁས་ཀྱི“བློ་རིག་དར་མདོར་ཡོང་བ”ལ་ཞབས་འདེགས་ཞུ་རྒྱུར་བརྩོན་ལེན་ཧུར་ཐག་བྱས་ནས་ཞབས་ཞུ་འགན་ལེན་བྱ་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་གཏུག་ཞབས་ཞུའི་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྨན་ཁང་གི་ཐོན་ཁུངས་དང་ཤེས་ལྡན་མི་སྣའི་རིག་སྟོབས་ལ་བརྟེན་ནས་རོགས་སྐྱོར་ཡག་པོ་བྱེད་པ་བཅས་བྱས་ནས་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ་རོགས་སྐྱོར་ཆེད་མཁས་ཀྱིས་ལས་དོན་ལ་སྔར་བས་ཆ་རྐྱེན་མཁོ་འདོན་བྱས་ཡོད།

དུས་མཚུངས། ཁ་གཏད་རོགས་སྐྱོར་གྱི་སྨན་བཅོས་རོགས་སྐྱོར་ལས་དོན་དེ་རྫོང་ཁོངས་ཀྱི་སྨན་བཅོས་ནུས་པའི་ཆུ་ཚད་མཐོ་རུ་གཏོང་བའི་གལ་ཆེའི་ལས་དོན་ཞིག་ཏུ་བརྩིས་ནས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ་དང་འབྲེལ་གཏུག་ལ་ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་སྨན་ཁང་གི་གཙོ་གནད་ཚན་ཁག་འཛུགས་སྐྲུན་དང་སྨན་རྩལ་ཤེས་ལྡན་པ་གསོ་སྐྱོང་། དོ་དམ་བྱེད་ནུས་ཆེ་རུ་བཏང་ནས་ཁ་གཏད་རོགས་སྐྱོར་གྱི་སྨན་བཅོས་རོགས་སྐྱོར་ལས་དོན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་།

དར་མདོ་དང་ཞའོ་ཧྲན་ས་ཁུལ་གཉིས་ཀྱིས་མུ་མཐུད་ནས་སྨན་ཁང་གི་དོ་དམ་ཆུ་ཚད་མཐོ་རུ་བཏང་བ་དང་རོགས་སྐྱོར་ལས་དོན་གྱི་ལམ་སྲོལ་ལེགས་སུ་བཏང་སྟེ་ཕྱོགས་གཉིས་པོའི་རོགས་སྐྱོར་གྱི་ལས་དོན་སྒྲིལ་སྲོལ་ཇེ་ཡག་དང་རིམ་པ་དང་རྣམ་པ་མང་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་དར་མདོ་མང་ཚོགས་ཀྱི“སྒོ་ཁར”སྔར་བས་སྤུས་ལེགས་ཕན་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལོངས་སྤྱོད་ཐུབ་རྒྱུར་ཐབས་དང་ནུས་ཤུགས་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:ཡུལ་མི་ཚོའི་སྐྱིད་སྡུག་སེམས་སུ་ཉར་བའི་ཧྲུའུ་ཅི་བཟང་པོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།