དར་མདོའི་རྒྱུ་ལ་ཤར་རྒྱུད་ཀྱི་ཞིང་པ་ཚོས་དཔྱིད་རྨོད་གྲ་སྒྲིག་བྱེད།

( སྐལ་བཟང་རྒྱ་མཚོས་བསྒྱུར)        2024-03-18

ན་ནིང་ནས་བཟུང་། སྒོ་ལྕགས་གྲོང་རྡལ་གྱིས“དཔལ་འབྱོར་ཉམས་རོལ”གྱི་གོ་སྐབས་དམ་འཛིན་བྱས་ནས་རི་སྐེད་གྲོང་སྡེའི་རང་དགར་འཇོག་པའི་ཞིང་ས་རྨོ30ལྷག་གནས་ཚུལ་ལ་གཞིགས་ནས་བེད་སྤྱད་དེ“དུས་བཞིའི་ཞིང་ར། ཞིང་སྡེར་ཉམས་རོལ”གྱི་རྣམ་པ་གསར་པའི་ཞིང་སྡེའི་ལས་གཞི་བསྐྲུན་ཡོད། རང་གིས་རྨོ་འདེབས་བྱེད་པ་དང་ཚབ་གཉེར་བྱེད་པའི་རྣམ་པའི་སྒོས་ཁྲོམ་རར་བོགས་མར་གཏོང་ལེན་བྱས་ཏེ། ཡུལ་མི་ཚོས་ཉེན་མེད་སྔོ་ཚལ་འདེབས་ཐུབ་པ་དང་ཆབས་གཅིག་ཞིང་སྡེའི་སྤྲོ་བ་ལ་ཡང་ཉམས་སུ་མྱོང་ཐུབ་ཡོད།

གསར་འགོད་པས་གྲལ་འགྲིག་པོའི་ཉམས་རོལ་ཚལ་ཞིང་དུ་དུས་ཚིགས་རང་བཞིན་གྱི་སྔོ་ཚལ་བཏབ་ཡོད་པ་དང་ཚལ་ཞིང་རྡོག་རྡོག་རེ་རེར་བདག་པོ་སུ་ཡིན་པའི་མཚོན་རྟགས་བྱང་བུ་ཡང་བཀོད་ཡོད་པ་མཐོང་།ད་སྔར། ཉམས་རོལ་ཚལ་ཞིང་རྡོག་རྡོག་རེར་སྨི་གྲུ་བཞི་མ20ལྷག་ཡོད་པ་དང་ཚལ་ཞིང་བདག་པོས་ལོ་རེར་སྨི་གྲུ་བཞི་མ་རེར་བོགས་རིན་སྒོར5མ་གཏོགས་སྤྲད་མི་དགོས།

སྒོ་ལྕགས་གྲོང་རྡལ་གྱི་མགོ་འཛིན་གཞོན་པ་ལེན་ཏན་གྱིས་ད་ལྟར་རི་སྐེད་གྲོང་སྡེའི་དུས་བཞིའི་ཞིང་རས་དཔྱིད་རྨོད་ལ་གྲ་སྒྲིག་བྱེད་བཞིན་ཡོད། ན་ནིང་གི་ཁྲོམ་རའི་ཕྱིར་སློག་ལ་བལྟས་ན། ད་ལོར་ཞིང་རས་ཞིང་ས་མང་པོ་ཕྱི་ཕྱོགས་སུ་བོགས་མར་གཏང་རྒྱུའི་འཆར་གཞི་བཞག་ཡོད། སིལ་ཏོག་དང་སྔོ་ཚལ་རྨོ་འདེབས་ལ་དགའ་ཞེན་ཡོད་མཁན་ཚོ་འདི་ན་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད།

འབྲུ་མཛོད་གྲོང་སྡེའི་འབྲས་ཤིང་ལྡུམ་རའི་ནང་དུའང་གོང་ལྟར་ཞིང་པ་ཚོས་འབྲས་ཤིང་ལ་སྨན་གཏོར་བ་དང་ཡལ་ག་འབྲེག་པ་སོགས་ཞིང་ལས་ལ་བྲེལ་བཞིན་ཡོད། ཞིང་པ་ཚོར་ཞིང་ལས་ཐད་དཀའ་ངལ་ཅུང་ཆེ་ནའང་སེམས་སུ་ད་ལོར་ལོ་ལེགས་འབྱུང་བའི་རེ་སྨོན་གྱིས་ཁེངས་བཞིན་ཡོད།

འབྲུ་མཛོད་གྲོང་སྡེའི་ཡུལ་མི་ཙོན་ཧོན་ཅུན་གྱིས་ཡིད་ཆེས་ཀྱི་སྤོབས་པས་ཁེངས་པའི་སྒོ་ནས་ངེད་ཚང་གིས་སེའུ་སྡོང་པོ་མུའུ4རྨོས་ཡོད། ན་ནིང་ལ་འོང་སྒོ་ཡག་བྱུང་། ཞིང་ལས་ལག་རྩལ་པའི་ལག་རྩལ་མཛུབ་སྟོན་འོག་ངེད་ཚང་གི་སིལ་སྡོང་ཚང་མའི་ཡལ་ཕྲན་འབྲེག་ཚར་ཡོད། ད་ལོར་ཡང་ལོ་ལེགས་འབྱུང་བའི་ཡིད་ཆེས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། འབྲུ་མཛོད་གྲོང་སྡེས་ཁྱོན་བསྡོམས་སེའུ་སྡོང་པོ་ཆེན་པོ་མུའུ500དང་ཀུ་ཤུ་སྡོང་པོ་མུའུ300འདེབས་འཛུགས་བྱས་ཡོད། “དར་མདོའི་མུ་ཏིག”གི་མཚན་སྙན་ཐོབ་པའི་ས་ཁམས་མཚོན་རྟགས་ཀྱི་ཁྱད་ཆོས་ཞིང་ཐོན་སེའུ་ཆེན་པོ་དང་གངས་རྒྱན་ལུང་པའི་ཀུ་ཤུར་རྒྱ་ཆེ་བའི་འཛད་སྤྱོད་པ་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད།

“ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུག་ཡོད་ལ།ལོ་གཅིག་གི་ལོ་ལེགས་འབྱུང་མིན་ནི་དཔྱིད་རྨོད་ལ་ཐུག་ཡོད་ཟེར་བ་ནང་བཞིན། དར་མདོའི་ཤར་རྒྱུད་ཀྱི་སྡེ་ཁུལ་སོ་སོས་དཔྱིད་རྨོད་ཀྱི་རི་མོ་མིག་ལ་མཛེས་པ་ཞིག་འབྲི་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།: བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱིས་ཞིང་ལས་དུས་ཚོད་དམ་ དུ་བཟུང་ནས་རྨོ་འདེབས་གྲ་སྒྲིག་བྱེད།
  • ལེ་ཚན་རྗེས་མ།:འདབ་པ་རྫོང་གིས་ཐབས་བརྒྱ་ ཇུས་སྟོང་གིས་དཔྱིད་རྨོད་གྲ་སྒྲིག་བྱེད།
  • དོ་སྣང་ཆེ་བའི་རྩོམ།