རླུང་བུར་དགའ་བའི་གཞོན་ནུ།

སྣག་ཚ་ནག་པོ།        2024-03-18


རླུང་བུ་ལགས།

ཁྱེད་རང་ཐ་མག་རྐང་གཅིག་གི་དུ་བ་དང་ལྷན།

ངའི་ཁོག་པའི་གཏིང་རུམ་དུ་ཤོར་བ་ཙམ་ཡིན་རུང་།

ཉིན་དེ་ནས་བཟུང་།

ངའི་གློ་སྙིང་མཆིན་གསུམ་བར་ཡང་ཡང་ཁྱེད་རང་འཁོར་དོན་ཅི།

རླུང་བུ་ལགས།

ཁྱེད་ནི་ཁ་བ་དང་འཁྱགས་དར་གྱི་ཁྲོད་ན་སྤུར་བའི་ཙག་

རླུང་ཞིག་མ་ཡིན་པར།

ལྷོད་ཤིག་ཤིག།

འཇམ་འཇམ་ཐིང་ཐིང་ངང་།

རྩྭ་ཐང་དང་མེ་ཏོག་གི་མཐའ་ན་འཁོར་བའི་དཔྱིད་

རླུང་ཞིག་རེད།

རླུང་བུ་་་་་་རླུང་བུ་ཡཱ་་་་་་་

ཁྱོད་ནི་ཆུ་བོ་དང་མི་འདྲ་ལ།

སྤྲིན་པ་དང་མི་མཐུན།

ཁྱོད་ནི་ཀུན་གྱིས་འཛིན་ཆོག་ཆོག་ཅིག་མིན་ལ།

ཀུན་ལ་མི་དབང་བའི་རླུང་བུ་ཞིག་སྟེ།

ངའི་བྲང་ཁོག་ན་འཁྱིལ་བའི་དུང་ཞེན་ཀྱི་བསིལ་རླུང་ཞིག་གོ།

རླུང་བུ་ལགས།

ངས་ཁྱེད་ལ་ཇི་ལྟར་དུངས་ཚུལ་མི་བཤད།

འོན་ཏང་ཁྱོད་དང་ལྷན་འཛོམས་ཀྱི་ཉི་མ་རེ་རེར།

རི་གྲོང་གི་མུན་ནག་དེའང་གསལ་ཆ་དོད།

རླུང་བུ་ལགས།

ངས་ཁྱེད་ལ་མིང་ཞིག་འདོགས་ན་ཆོག་གམ།

ཁྱོད་ནི་ཕྱི་ཐག་རིང་ལ།

རང་རྒྱུད་གཙང་བའི་ཁེར་ཚུགས་ཅན་གྱི་རླུང་ཞིག་ཡིན་པས།

ཁྱོད་ཀྱིས་ངའི་སེམས་དང་སེམས་བར་ལ།

སུས་ཀྱང་སྟེར་མི་ཐུབ་པའི་བསམ་པའི་བགས་ཆགས་བརྟན་པོ་

ཞིག་བཞག་བྱུང་།

དོན་དེས་ངས་ཁྱོད་ལ་བསམ་གཏན་དབང་མོ་ཞེས་འབོད་

པར་འདོད།

དཔྱིད་རླུང་ལགས།

དལ་ཀྱིས་ལྡང་རོགས།

ཆུ་འཛིན་དང་ཟླ་བའི་གསེབ་ནས་ལྷོད་ཀྱིས་ལྡང་རོགས།

མཚམས་སྤྲིན་དེ་ངས་ཁྱེད་ལ་དགའ་བའི་རྣམ་ཤེས་ཀྱི་དན་

རྟགས་ཡིན་པས།

ཟེགས་མ་རེ་རེའི་ངོས་ལ་ལྷད་མ་ཕོག་པའི་དྭངས་

གཙང་ཡོད།

དཔྱིད་རླུང་ལགས། ཁྱེད་རང་དལ་བོར་ལྡང་ན་ཆོག་གམ།

ང་ནི་ཁྱེད་ལ་དགའ་དྲགས་པས།

མུན་པ་ཡུག་གཅིག་ཏུ་བསྡེབས་པའི་མཚན་མོར།

ང་རང་གཉིད་མ་སད་སྔ་རོལ་ན་ཁོ་བོའི་རུམ་ཁ་ནས་

ཤོར་བར་ཞེད།



  • ལེ་ཚན་སྔོན་མ།:རྒོད་པོ་ཚོ། མདུན་ནས་མདུན་དུ་སྐྱོད་ཅིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།